ཁ་སང་ཕྱི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༦ བར་ཨོ་གླིང་གྲོང་ཁྱེར་སེ་ཌི་ནང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་ཡོད་པ་ལྟར། ཚོགས་ཆེན་དེའི་ཐོག་ཕྱོགས་མཐའ་ཁག་ནས་ཚོགས་བཅར་བ་ ༣༠༠ ལྷག་ཙམ་ཞིག་ནས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་འཕེལ་རིམ་ལ་དག་ཐེར་རང་བཞིན་གྱི་དབྱེ་ཞིབ་བྱེད་པའམ། བོད་རྒྱལ་ཁབ་སླར་གསོའི་ཐབས་ཇུས་གསར་བཟོ་ལ་ཇུས་གཞི་འདིང་བ། དེ་བཞིན་བོད་ཀྱི་མ་འོངས་ལས་འགུལ་ལ་ཁ་ཕྱོགས་གསར་པ་སྟོན་པ་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད་འདུག དེའི་སྐོར་ཐེངས་འདིའི་ཚོགས་ཚེན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བསྟན་པ་དར་རྒྱས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་མོ་དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་བཙན་གནོན་འོག་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བའི་འདྲ་མཉམ་མ་ཡིན་པའི་གྲོས་མཐུན་ཞིག་བཙན་ཐབས་ཀྱིས་བཞག་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བའི་ཉིན་མོ་ཡིན་པ་མ་ཟད། འདི་ནི་དངོས་སུ་བོད་རང་བཙན་ཡིན་པའི་གནས་བབ་ཡིག་ཐོག་ནས་ཤོར་བའི་ཉིན་མོའང་ཡིན་པས། ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཉིན་མོ་འདིར་འཚོགས་གནང་ཡོད་པ་དང་ཆབས་ཅིག ཚོགས་ཆེན་དེ་ནི་ཉིན་མོ་དེར་ངོ་རྒོལ་དང་ལོ་རྒྱུས་ཀྱི་འཁྱོག་བཤད་ལ་བརྡ་ལན་སྤྲོད་ཆེད་ཙམ་མ་ཟད། སྒོས་སུ་མ་འོངས་བོད་རྒྱལ་ཁབ་སླར་གསོའི་འཆར་གཞི་གསར་བཟོའམ་སྔར་གྱི་རང་བཙན་གནས་བབ་སླར་གསོ་གནང་ཐབས་བཅས་ལ་དམིགས་ཡོད་པ་གསུངས་སོང་། མ་ཟད། དེང་གི་ཆར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་སྟེ། བོད་ཀྱི་མི་རིགས་དང་སྐད་ཡིག རིག་གཞུང་བཅས་ཀྱི་འཚོ་གནས་ལ་འཇིག་ཉེན་བཟོ་བཞིན་པའི་རྒྱབ་ལྗོངས་དང༌། ཕྱི་ལོ ༢༠༢༤ ལོར་ཨ་རིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འཁེལ་དང་ཁྲིམས་ནུས་འདོན་བཞིན་པའི་གནས་བབ་གཉིས་གཞི་ལ་བཞག་སྟེ། བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་འཕེལ་རིམ་ལ་དག་ཐེར་རང་བཞིན་གྱི་དབྱེ་ཞིབ་གཙོས་བོད་རྒྱལ་ཁབ་སླར་གསོའི་ཐབས་ཇུས་གསར་བཟོ་ལ་ཇུས་གཞི་འདིང་བ། དེ་བཞིན་བོད་ཀྱི་མ་འོངས་ལས་འགུལ་ལ་ཁ་ཕྱོགས་གསར་པ་སྟོན་པ་སོགས་བརྗོད་གཞི་གསུམ་གྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཚོགས་ཆེན་འདིར་བོད་དོན་ཐོག་མཁྱེན་རྒྱ་ཆེ་བའི་ཆེད་ལས་མི་སྣ་དང་། བོད་རང་བཙན་གྱི་ལྟ་བར་རྒྱབ་སྐྱོར་དང་ལངས་ཕྱོགས་བརྟན་པོ་ཡོད་པའི་ཤེས་ལྡན་མི་སྣ། དེ་བཞིན་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་བོད་དོན་འཐབ་རྩོད་པ་དང་། ཁྱད་ལས་ཅན་གྱི་བོད་དོན་རྒྱབ་སྐྱོར་བ་སོགས་གང་མང་གདན་འདྲེན་ཞུས་ཡོད་པ་གསུངས་སོང་ལ། བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་ཤོས་སྡོད་སའི་རྒྱལ་ཁབ་ཨོ་གླིང་དུ་ཐེངས་དང་པོར་བཀོད་སྒྲིག་བྱ་བའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་བརྒྱུད་དེ། རང་དབང་དང་མང་གཙོ། སྣ་མང་གི་རིག་གཞུང་སོགས་ལ་ཆེ་མཐོང་བླ་མེད་གནང་མཁན་རྒྱལ་ཁབ་འདིས། བོད་དོན་འཐབ་རྩོད་ཐོག་སྔར་ལས་ལྷག་པའི་དོ་སྣང་གསར་པ་ཞིག་དང་བོད་ནི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཐོབ་པར་ཡིད་ཆེས་བྱེད་ཀྱིན་ཡོད་ཅེས་གསུངས་སོང། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་ཐོག་ནས་མང་མོས་ཀྱིས་ཐག་གཅོད་བྱུང་བའི་རྒྱལ་སྤྱིའི་རང་བཙན་ལས་འགུལ་འབྲེལ་མཐུད་ལྷན་ཚོགས་གསར་འཛུགས་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་ལྟར། རྒྱུན་ལས་གསར་འདེམས་དང་སྒྲིག་གཞི་གསར་བཟོ་སོགས་ཀྱི་ལས་དོན་གལ་ཆེན་ཡང་བང་བསྒྲིགས་ཡོད་པ་འགྲེལ་བརྗོད་གནང་བྱུང་། གཞི་རྩའི་སྔ་ལོར་ཀྲོ་རོན་ཀྲོ་ནང་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་གཙོ་བོ་བོད་རང་བཙན་གྱི་ཚོགས་པ་གསར་འཛུགས་གནང་དགོས་མིན་དང་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་རྭ་བའི་ནང་རྒྱ་ནག་ལ་ལྟ་ཕྱོགས་དེ་བསྟུན་མཁས་རང་བཞིན་ནས་གདོང་ལེན་རང་བཞིན་དུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཞིག་གནང་དགོས་པ་ཡང་ན་བོད་རང་བཙན་གྱི་སྲིད་བྱུས་འཛིན་པའི་དུས་ལ་བབས་ཡོད་མིན་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད་འདུག
The post ཨོ་གླིང་ནང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། appeared first on vot.





