བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་དབུས་འོས་བསྡུ་ལས་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་ལ་དྲུང་ཆེ་བསྐོ་གཞག་གིས་ལས་ཁུར་དབུ་འཛུགས་ཞུས་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་ཀྱི་ཉི་ཧོང་དོན་ཟུར་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀག་དྲུང་ཡིག་ཚང་གི་དྲུང་ཆེའི་ལས་ཁུར་དབུ་འཛུགས་གནང་བ་དང་། ཕྱི་ཚེས་ ༡༣ ཉིན་དྲུང་འཕར་འཕྲིན་ལས་ཆོས་འཕེལ་ལགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེར་གནས་སྤར་གྱིས་ལས་ཁུར་དབུ་འཛུགས། དེ་བཞིན་ཕྱི་ཚེས་ ༡༢ ཉིན་ཤེས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེར་གནས་སྤར་གྱིས་ལས་ཁུར་དངོས་སུ་དབུ་འཛུགས་ཞུས་ཡོད་པ་རེད།
འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི། མ་སུ་རི་གཏན་སློབ་ཐོན་རྗེས་རྒྱ་གར་པན་ཇབ་མཐོ་སློབ་ནས་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་པ་དང་། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་ན་མ་ལ་ཡི་མཐོ་སློབ་ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ལྡི་ལི་མཐོ་སློབ་ནས་ཉི་འོང་རིག་པའི་གཙུག་ལག་རབ་འབྱམས་དང་། ཏཱོ་ཀྱོར་རྟེན་གཞི་བྱས་པའི་ Chiyoda College of Business ཞེས་པ་ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ཐོག་ཌིབ་ལོ་མ། ལྡི་ལི་མཐོ་སློབ་ནས་འབུམ་རམས་པའི་སློབ་གཉེར་བཅས་གནང་།
ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༤ ནང་དཔལ་འབྱོར་ལས་ཁུངས་སུ་ཐོག་མར་ཕྱག་ལས་གནང་བ་ནས་བཟུང་ལས་འགན་འདྲ་མིན་ནང་ཕྱག་ལས་གནང་བའི་ཁོངས་ནས་གཙོ་ཆེ་ཡིད་ཆེས་དགེ་རྩའི་ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་། ལྡི་ལི་དཔལ་འབྱོར་པར་སྐྲུན་ཁང་གི་འགན་འཛིན་སོགས་གནང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༦ ཚེས་ ༡༦ ཉིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༢ ཚེས་ ༢༦ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༡༥ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཟུང་དྲུང་གནས་རིམ་ཐོག་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༢༢ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༡༦ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༢༡ ཉིན་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་བོད་ཀྱི་གསར་འགྱུར་ཚན་པའི་འགན་འཛིན་གནང་མུས་ཐོག་ཕྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༠༡ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༢ ཉིན་ནས་བཀའ་དྲུང་ཡིག་ཚང་གི་བཀའ་དྲུང་དུ་བསྐོ་གཞག་གནང་ཡོད།
ཀུན་དགའ་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༧༣ ཟླ་བ་ ༡ ཚེས་ ༡༤ ཉིན་སྐྱེས་ཤིང་། ཕྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༡༦ ཉིན་ཤེས་རིག་ལས་ཁུངས་སུ་ལས་དོའི་གནས་རིམ་ཐོག་བསྐོ་གཞག་གནང་འདུག་པ་དང་། ཕྱི་ལོ་ ༢༠༠༩ ཟླ་བ་ ༧ ཚེས་ ༢༣ ཉིན་ཡིག་རྒྱུགས་འཕྲོད་དེ་དྲུང་གཞོན་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༢༠༠༩ ཟླ་བ་ ༨ ཚེས་ ༤ ཉིན་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༢༧ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༢༡ ཉིན་བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེེས་ ༥ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༡ ཟླ་བ་ ༧ ཚེས་ ༡ ཉིན་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༢ ཟླ་བ་ ༡ ཚེས་ ༢༥ ཉིན་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༢༢ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༥ ཉིན་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༢ ཉིན་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་དབུས་འོས་བསྡུའི་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་ཡོད།
The post ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས། appeared first on བོད་ཀྱི་དུས་བབ།.



