སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཛད་རྗེས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད།

3 weeks ago

ཁ་སང་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནང་ཁང་དུ་༸སྐུའི་གོ་སྟོན་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་གྱི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར།  བདུན་གཅིག་རིང་གི་འགྲེམས་སྟོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་སོང་།  དེ་ཡང་ཐེངས་འདིའི་འགྲེམས་སྟོན་དེ་ནི་ལྡི་ལི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་གྲ་སྒྲིག་གནང་པ་ཞིག་ཡིན་པ་དང་།   ཚོགས་ཆུང་དེའི་ཚོགས་གཙོ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས།  འགྲེམས་སྟོན་དེའི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་གནད་ཡོད་དང་ས་གནས་མི་མང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ངོ་སྤྲོད་ཡོང་ཐབས་ཤིག་དང་།   ལྷག་པར་དུ་པར་རིས་དེ་དག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་པ་ནས་བོད་དོན་ཐོག་མཛད་འཕྲིན་ག་རེ་བསྐྱངས་མིན་ཙམ་མ་ཟད།  རྒྱལ་ཁབ་སོ་སོའི་ཆོས་སྲིད་དབུ་ཁྲིད་ཚོའི་ལྷན་དུ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་བཅས་ཀྱི་རླབས་ཆེན་མཛད་འཕྲིན་བཅས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་ཡོང་ཐབས་ཤིག་ཡིན་པ་སོགས་ཀྱི་ངོ་སྤྲོད་གནང་སོང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནད་ཡོད་ཀྱི་མི་སྣ་ལྷན་འཛོམས་གནང་ཡུལ་ India Habitat ལྟེ་གནས་ཁང་དུ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག   ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་གི་མི་སྣ་དང་།   རྒྱ་གར་བོད་དོན་དོན་གཉེར་ཅན།   བོད་མི་བཅས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་མ་ཟད།     སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་།   བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ཡང་།    ཕྱི་ལོ་ ༡༩༥༩ ལོའི་བོད་ནང་གི་དུས་འགྱུར་རྗེས་རྒྱ་ཀར་ནག་བར་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ས་མཚམས་དམག་འཁྲུག་བྱུང་བ་སོགས་གསུངས་ཏེ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་དེ་དག་ལ་ལྟོས་མེད་བོད་རྒྱའི་དབར་གྱི་དཀའ་ངལ་དེ་འཚེ་མེད་ཞི་བའི་ལམ་ཐོག་ནས་སེལ་ཐབས་གནང་མུས་ཡིན་པ་ལྟར།   བོད་མིའི་དངོས་ཡོད་བདེན་འཚོལ་གྱི་ལངས་ཕྱོགས་དེར་འཛམ་གླིང་མང་ཚོགས་ནས་རྒྱབ་སྐྱོར་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུས་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ཆར་ཡུ་རོབ་དང་ཨ་རི་བཅས་སུ་གཞུང་དོན་ཕྱོགས་བསྐྱོད་ཀྱིས་ཁ་ཉིན་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་བ་ཞིག་ཡིན་པ་མ་ཟད།   དེ་རིང་ད་དུང་ཁོང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འོག་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མདོར་ན་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཏུ་དབུ་བཞུགས་ཀྱང་གནང་གི་ཡོད་པ་རེད།

The post སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཛད་རྗེས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད། appeared first on vot.

Original Article