དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་སོང་། མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར། བཀའ་ཤག་སྐབས་ ༡༧ པའི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་སླད་རང་ནུས་གང་ལྕོགས་གིས་ནུས་པ་ཇི་ཡོད་འདོན་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་འགྲེལ་བརྗོད་དང་འབྲེལ། འདས་པའི་ཉིན་ཤས་ཀྱི་བརྒྱུད་རིམ་ལ་གཞིགས་ན། བོད་ཀྱི་མ་འོངས་ཁ་ཕྱོགས་ཏེ་ཡག་པོ་ཞིག་ལ་འགྲོ་ཐུབ་པའི་རྟགས་དང་རྟེན་འབྲེལ་དེ་བཞིན་བླ་མའི་ཐུགས་རྗེ་བྱིན་རླབས་དང་ལྷ་ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་ལས་ཆ་ཚང་ཞིག་འདུག་པས། གཙོ་བོ་ང་ཚོའི་མང་ཚོགས་ངོས་ནས་མི་འཕྱུག་པ་བྱས་ཏེ་ནང་ཁུལ་དུ་འཁོན་འཛིན་མེད་པར་བསམ་བློ་རྒྱ་ཆེ་ས་བཏང་སྟེ་རྒྱུན་གནས་ཐུབ་ན་རེ་བ་བཟང་པོ་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་མཇལ་ཁ་སྩལ་གནང་མཛད་ཡོད་སྐོར་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། ༸གོང་ས་མཆོག་ནས་མཇ་མཇལ་ཁྲོད་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་མངོན་གསལ་མཛད་བཞིན་ཡོད་པ་དེ་དག་ལྷག་བསམ་རྣམ་དག་གི་ཐོིག་ནས་བཀའ་སྩལ་གྱི་ཡོད་པ་ལས། དེའི་རྒྱབ་ལྗོངས་ལ་ཆབ་སྲིད་ཀྱི་སྲིད་བྱུས་རིགས་རྩ་བ་མེད་པ་གསལ་འདོན་དང་འབྲེལ། རྒྱ་ནག་ངོས་ནས་༸གོང་ས་མཆོག་གལ་ཏེ་བོད་ལ་ཆིབས་སྒྱུར་མཛད་ན་ཡུལ་དེར་གཏན་འཇགས་བཞུགས་དགོས་པའི་ཆ་རྐྱེན་བཞག་ཡོད་པ་དེས་ད་བར་ལམ་ལྷོངས་བྱུང་མེད་པ་དང་། དེ་ཡང་༸གང་ས་མཆོག་གིས་དེ་སྔ་༸གང་ཉིད་མཆོག་བོད་ལ་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཡོད་ཀྱང་གཞི་རྩའི་རང་དབང་གཏན་ནས་མེད་པའི་རྒྱ་ནག་གི་བཙན་དབང་འོག་གནས་ཐབས་བྲལ་བ་ཡིན་སྐོར་བཀའ་སྩལ་ཡོད་པ་མ་ཟད། ༸མགོན་པོ་མཆོག་མ་འོངས་པར་སྐུ་མྱ་ངན་ལས་འདས་པའི་སྐབས་རྒྱ་གར་ལྟ་བུ་རང་དབང་ལུང་པའི་ནང་༸སྐུ་ཉིད་ཀྱི་གྲོགས་པོ་ལྷན་རྒྱས་འདུ་འཛོམས་ཡོད་སར་འཆི་རྒྱུའི་ཐུགས་འདོད་ཡོད་སྐོར་བཀའ་སྩལ་ཡོད་པ་ལུང་འདྲེན་གྱིས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་མ་ཐུབ་པ་དེ་རྒྱ་ནག་རང་གི་ཆ་རྐྱེན་འདྲ་མིན་བཞག་པ་ལ་བརྟེན་ནས་ཡིན་པ་ལས། སྲིད་སྐྱོང་དབུས་པའི་སྒྲིག་འཛུགས་ཀྱིས་འབད་བརྩོན་མ་གནང་བ་ཞིག་མ་ཡིན་པར། རྒྱ་ནག་ངོས་ནས་གལ་སྲིད་དངོས་གནས་དྲང་གནས་ཀྱི་བོད་པའི་དཀའ་རྙོག་སེལ་འདོད་ཡོད་ན། བོད་ནང་གི་བོད་མིར་བདེ་སྐྱིད་ཅིག་བསྐྲུན་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུག་འཕྲད་ཅིག་གནང་དུ་བཅུག་དང་། དེ་ནས་ང་ཚོས་ལྟ་ཆོག་གི་རེད་ཅེས་གསུངས་སོང་། དེ་བཞིན་འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་སྤྱི་མཐུན་ཚོགས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་དང་འབྲེལ། ཡ་རབས་བཟང་སྤྱོད་ཐད་ བོད་ཕྱི་ནང་གཉིས་ཀའི་ནང་ལྷོད་ཡངས་དོ་སྣང་ཆུང་སྐྱོན་ལྟ་བུས་བར་ལམ་ཕྲན་བུའི་ཉམས་ཆག་ཕྱིན་འདྲའི་གནས་ཚུལ་གོ་ཐོས་ཡོང་གི་འདུག་པར་ཐུགས་འཚབ་བྱུང་བའི་བཀའ་སྩལ་སྐོར་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས། སྤྱིར་བཏང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་ནི་འཛམ་གླིང་ཞི་བདེ་དང་མི་རེ་ངོ་རེའི་ཀུན་སྤྱོད་ཡར་རྒྱས་གོང་འཕེལ་ཆེད་དུ་བཀའ་སྩལ་བ་ཞིག་ཡིན་དུས། དེ་དག་ཐོག་བོད་མི་ཡོད་དོ་ཅོག་གིས་དོ་སྣང་གནང་པ་དང་། ང་ཚོས་ཁ་ནས་གང་བཤད་པའམ་ཕྱག་ལས་གང་གནང་བ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སུན་དུ་མི་འགྲོ་བ་ཞིག་བྱ་དགོས་གལ་ཡིན་སྐོར་གསུངས་སོང་། རྩ་བའི་དེ་རིང་སྲིད་སྐྱོང་དབུས་པའི་བཀའ་བློན་དང་ཚོགས་གཙོ་སྦྲེལ་པོ་བཅས་ནས་༸གོང་ས་མཆོག་གི་མཇལ་བཅར་མ་ཞུས་གོང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་མོར་སྔར་སྲོལ་བཞིན་གཞུང་འབྲེལ་དབྱར་གསོལ་གྱི་སྤྱན་འདྲེན་དུ་མཉམ་ཞུགས་གནང་ཡོད། མཛད་འཆར་ལྟར་ན སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཡོན་མར་སྨན་བཅོས་སླད་སང་ཉིན་ཚེས་ ༥ ཉིན་དྷ་རམ་ས་ལ་ནས་ལྡི་ལིར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པ་དང་། ཞབས་པུས་སྨན་བཅོས་གྲུབ་སྟེ་དྲག་སྐྱེད་ཟིན་མཚམས་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་བཞུགས་གཏན་འཁེལ་ཡོད་པ་རེད་འདུག
The post སྲིད་སྐྱོང་དབུས་པའི་བཀའ་བློན་དང་ཚོགས་གཙོ་སྦྲེལ་པོ་བཅས་ནས་༸གོང་ས་མཆོག་ལ་གསར་མཇལ་ཞུས་པ། appeared first on vot.





