སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

4 hours ago

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་ཞུས་པ་ཆབས་ཅིག་བོད་དང་དབྱིན་ཇིའི་དབར་གྱི་མཛའ་འབྲེལ་ཡུན་གནས་ཡོང་བ་དང་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཇི་མ་ཇི་བཞིན་འགྲེལ་བརྗོད་གནང་བའི་རེ་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བ་ཨན་ཌི་བྷར་ཧམ་མཆོག་ལ་འཚམས་འདྲི་ཞུས་པའི་ནང་། དབྱིན་ཡུལ་དང་བོད་དབར་གྱི་འབྲེལ་ལམ་ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབྱིན་ཡུལ་གྱི་དཔོན་རིགས་དང་། ཚོང་པ། མཁས་པ་བཅས་ཀྱིས་བོད་ཀྱི་སྐད་ཡིག་དང་། སྲིད་གཞུང་བཅས་དང་ཐད་ཀར་རྒྱུས་མངའ་བྱུང་བའི་ལོ་རྒྱུས་ལ་ཐུག་ཡོད།  དབྱིན་ཡུལ་ནི་བོད་རང་བཙན་རྒྱལ་ཁབ་ཡིན་པའི་ངོ་བོའི་ཐོག་འབྲེལ་བ་གནང་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན།

སྐུ་ཉིད་ཀྱི་དབུ་ཁྲིད་ལ་ང་ཚོས་རེ་བ་ཆེན་པོ་བཅངས་བཞིན་ཡོད་ལ། དབྱིན་ཡུལ་གྱི་རྒྱལ་སྤྱིའི་གནས་བབས་དང་། བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བཅས་ཀྱིས་འཛམ་གླིང་སྟེང་ཡིད་བརྟན་འཕེར་བའི་ཤུགས་རྐྱེན་སྤྲོད་ཐུབ་པའི་ནུས་པ་ཡོད། གལ་ཏེ་སྐུ་ཉིད་ཀྱི་སྲིད་གཞུང་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཇི་བཞིན་འགྲེལ་བརྗོད་གནང་བར་རྒྱབ་སྐྱོར་གནང་ཚེ་བོད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པར་ཕན་ཐོགས་ཡོད།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། ཁོང་གི་དབུ་ཁྲིད་འོག་དབྱིན་ཡུལ་དང་ལྷན་དུ་འཛམ་གླིང་ཡོངས་ལ་དྲང་བདེན་དང་བྱམས་བརྩེ་གོང་མཐོར་གཏོང་ཐུབ་པའི་སྨོན་འདུན་དང་། དབྱིན་ཡུལ་དང་བོད་དབར་གྱི་མཛའ་འབྲེལ་ཇེ་བརྟན་དུ་འགྲོ་བའི་རེ་བ་ཡོད་ཅེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་ས་གནས་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་ཉིད་དབྱིན་ཡུལ་གྱི་སྲིད་བློན་དུ་བསྐོ་བཞག་བྱུང་བར་སྙིང་དབུས་ནས་འཚམས་འདྲི་ཞུ།

བོད་མི་རྣམས་ཀྱིས་དབྱིན་ཇིའི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་བསྒྱུར་བཅས་ལ་བརྩི་བཀུར་ཆེན་པོ་བྱེད་བཞིན་ཡོད། དབྱིན་ཇི་དང་བོད་དབར་ལོ་རྒྱུས་ཀྱི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་ནི་དབྱིན་ཇིའི་རྒྱ་གར་དུས་སྐབས་སུ་བོད་དང་ཐད་ཀར་འབྲེལ་བ་བྱུང་བ་དང་། བོད་བཙན་བཟུང་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐུན་མོང་མ་ཡིན་པ་མཐོང་མྱོང་ཡོད། འབྲེལ་བ་དེ་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གཟིགས་སྐོར་བརྒྱུད་ནས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། ཁོང་གི་སྙིང་རྗེ་དང་འཚེ་མེད་ཞི་བའི་འཕྲིན་ལས་ཀྱིས་དབྱིན་བོད་མི་དམངས་དབར་གྱི་མཛའ་བརྩེ་ཡུན་རིང་དུ་གནས་པར་བྱས་ཡོད།

ང་ཚོས་དབྱིན་ཇིའི་གཞུང་དང་གྲོས་ཚོགས། དབྱིན་ཇིའི་མི་དམངས་བཅས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ང་ཚོས་ཞི་བདེ་དང་། གྲོས་མོལ། རང་དབང་། འགྲོ་བ་མིའི་བརྩི་མཐོང་བཅས་གོང་མཐོར་གཏོང་བར་ཁྱེད་ཀྱི་སྲིད་གཞུང་དང་མཉམ་དུ་ལས་ཀ་བྱེད་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། ཅེས་གསུངས་འདུག

དབྱིན་ཇིའི་སྲིད་བློན་སྐབས་ ༥༩ པ་སྐུ་ཞབས་ཨན་ཌི་བྷར་ཧམ་ (Andy Burnham) ལགས་ནི་ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༡ པོའི་ཚེས་༧ ཉིན་དབྱིན་ཇིའི་མར་སི་སའེཌ་ (Merseyside) ཨེན་ཊི་ (Aintree) ས་ཁུལ་དུ་སྐྱེས་ཤིང་།  དབྱིན་ཇིའི་ངལ་རྩོལ (Labour Party) ཆབ་སྲིད་ཚོགས་པའི་སྲིད་དོན་པ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༡༧ ནས་ ༢༠༢༦ བར་གྷི་རེ་ཊར་མན་ཆེས་ཊར་ (Greater Manchester) གྱི་གྲོང་ཁྱེར་སྤྱི་ཁྱབ་མགོ་ཁྲིད་ (Mayor) ཀྱི་ལས་འགན་བསྒྲུབས།  ཁེམ་བྷི་རི་ཇི་གཙུག་ལག་སློབ་ཆེན་ (University of Cambridge) ནས་དབྱིན་ཡིག་རིག་པ་སྦྱངས་རྗེས། དེར་ཞིབ་འཇུག་པ་དང་ཆབ་སྲིད་སློབ་སྟོན་པའི་ལས་ཀ་བྱས། ཁོང་ཐོག་མར་ཕྱི་ལོ་ ༢༠༠༡ ལོར་ལེགྷ་(Leigh) ས་གནས་ཀྱི་གྲོས་ཚོགས་མི་རུ་བདམས་ཐོན་བྱུང་ཞིང་། ལོ་ངོ་ ༡༥ ལྷག་རིང་ས་གནས་དེའི་འཐུས་མི་བྱས།  མན་ཆེས་ཊར་གྱི་སྤྱི་ཁྱབ་མགོ་ཁྲིད་བྱེད་སྐབས། བྷར་ཧམ་ལགས་ཀྱིས་ས་གནས་ཀྱི་གནད་དོན་མང་པོའི་ཐོག་ལས་ཀ་བྱས་པར་རྒྱལ་ཡོངས་སུ་མིང་གྲགས་ཆེ་རུ་སོང་། དམིགས་བསལ་ཏོག་དབྱིབས་ (COVID-19) རིམས་ནད་ཀྱི་དུས་སྐབས་སུ་ཁོང་གིས་ས་གནས་གཞུང་ལ་རོགས་དངུལ་དང་དབང་ཆ་སྤྲོད་དགོས་པར་ཤུགས་སྐྱེད་ཆེན་པོ་ཐེབས། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཀིར་སི་ཊར་མར་ (Keir Starmer) ལགས་ཀྱིས་སྲིད་བློན་ནས་དགོངས་པ་ཞུས་རྗེས། གཞུང་འཛིན་ངལ་རྩོལ་ཚོགས་པར་ཚོགས་མི་ ༤༠༣ ཡོད་པ་ལས་ཚོགས་མི་ ༣༧༩ ཡིས་བྷར་ཧམ་ལགས་སུ་རྒྱབ་སྐྱོར་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་དབྱིན་ཇིའི་སྲིད་བློན་གསར་བར་བསྐོ་གཞག་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་། appeared first on བོད་ཀྱི་དུས་བབ།.

Original Article