སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དགོངས་རྫོགས་རྗེས་དྲན།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༣ ཉིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་མཛད་སྒོ་ཞིག་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་སྲུང་བརྩི་དང་སྦྲགས། ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་རིན་པོ་ཆེ་དམ་པ་ཁོང་གི་སྐུ་ཚེའི་མཛད་པ་དང་འབྲེལ་བའི་དཔེ་དེབ་དབྱིན་བསྒྱུར་མ་ཞིག་ཀྱང་དབུ་འབྱེད་གནང་སོང་།
རྩ་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་མཚན་མོར། རྒྱ་གཞུང་གི་ཉེན་རྟོག་པས་རིན་པོ་ཆེ་མཆོག་ཉག་ཆུ་རྫོང་ཁོངས་ནས་གློ་བུར་དུ་འཛིན་བཟུང་བྱས་ཏེ། དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་བསྒྱུར་བ་སོགས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་དུ་སྐུ་གཤེགས་པའི་གནས་ཚུལ་ཐོན་ནས། ད་ལོ་ལོ་ངོ་ ༡༡ འཁོར་གྱི་ཡོད་པ་རེད། །





