བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཞབས་པུས་སྨན་བཅོས་སླད་དུ་ཆིབས་བསྒྱུར་མཛད་སོང་། དེ་ཡང་སྔ་དྲོ་ཕྱག་ཚོད་ ༧ ཙམ་པ་ལ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ་ཕྱག་ཚོད་ ༨ ཙམ་ལ་ཀང་རཱ་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཐོན་མཇལ་བཀའ་དྲིན་སྩལ་རྗེས། དམིགས་བསལ་གནམ་གྲུའི་བརྒྱུད་ནས་ཆིབས་ཐོན་མཛད་དེ་ཕྱག་ཚོད་ ༡༠།༣༢ སྟེང་རྒྱལ་ས་ལྡི་ལིའི་གནམ་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ད་རེས་མགོན་པོ་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དོན་གཙོ་བོ་ནི། ༸སྐུའི་ཞབས་པུས་གཡོན་པ་སྨན་བཅོས་སླད་དུ་ཡིན་ཞིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་འདི་ཚེས་ ༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟར་ན། མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཞབས་པུས་སྨན་བཅོས་གྲུབ་སྟེ། དྲག་སྐྱེད་ཟིན་མཚམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་སྐུ་བཞུགས་མཛད་གཏན་འཁེལ་ཡོད་པ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་པུས་གཡས་པ་སྨན་བཅོས་སླད་དུ་དེ་སྔོན་ ༢༠༢༥ ཟླ་ ༦ ཚེས་ ༢༡ ཉིན་བཞུགས་སྒར་ནས་ཨ་རིར་ཆིབས་ཐོན་མཛད་དེ་དེ་ཚེས་ ༢༣ ཉིན་ཨ་རིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ཚེས་ ༢༨ ཉིན་ཨ་རིའི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་སྨན་ཁང་རྩེ་ཕུད་ Hospital of Special Surgery ནང་༸སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་བྱུང་ཡོད་པ་རེད། སྐབས་དེར་ཞབས་པུས་དྲག་སྐྱེད་རྗེས་བརྟན་བཞུགས་སོགས་ཀྱི་མཛད་འཆར་ལེགས་གྲུབ་རྗེས། ཕྱི་ཟླ་ ༨ ཚེས་ ༢༦ ཉིན་ལྡི་ལིར་ཕེབས་འབྱོར་དང་ཚེས་ ༢༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ་སྔར་རྒྱུན་བཞིན་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་མུ་མཐུད་བསྐྱངས་ཡོད། གཞི་རྩའི་དེ་རིང་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་རྗེས། འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། རིམ་པས་༸སྐུའི་ཞབས་པུས་འཕྲོད་བཞེས་དང་འབྲེལ་བའི་སྐོར་ལ་དགའ་ལྡན་ཕོ་བྲང་ནས་རིམ་པས་གསལ་བསྒྲགས་ཡོང་རྒྱུ་ཡིན་པ་གསུངས་སོང་། མ་ཟད་དད་ལྡན་མཇལ་ཞུ་བ་ཁག་གཅིག་ལ་བཀའ་འདྲི་ཞུས་སྐབས། ཁོང་རྣམ་པས་མགོན་པོ་༸གང་ཉིད་མཆོག་གིས་ཞབས་པུས་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་འབྲེལ། ཐུགས་ཀྱི་དགོངས་བཞེས་ལྷུན་གྲུབ་དང་མྱུར་དུ་བོད་གངས་ཅན་ལྗོངས་སུ་ཞབས་སོར་བདེ་བར་འཁོད་རྒྱུའི་སྨོན་ལམ་ཤུགས་དྲག་ཞུས་སོང་།
The post ༸སྐུའི་ཞབས་པུས་སྨན་བཅོས་སླད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར། appeared first on vot.





