༸གོང་ས་མཆོག་དང་བོད་དང་བོད་མིར་འབྲེལ་འདྲིས་ཟབ་པའི་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་དགུང་ལོ་ ༨༤ སྟེང་སྐུ་གྲོངས་པར་ཁོང་གི་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས།
ཁ་སང་ཕྱི་ཚེས་ ༡༦ ཉིན་བོད་ཀྱི་ནང་དོན་རིག་པའི་མཁས་དབང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་( Robert Thurman ) ལགས་དགུང་ལོ་ ༨༤ ཐོག་སྐུ་གྲོངས་འདུག་ལ། ཁོང་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཁང་ཐོག་མར་གསར་འཛུགས་གནང་མཁན་ཡིན་པ་རེད།
ཁོང་སྐུ་གཤེགས་པའི་གནས་ཚུལ་ཐོན་རྗེས། ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཁང་གི་ངོ་དེབ་སྟེང་། ང་ཚོར་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ་དང་བོད་ཁང་ཐོག་མར་གསར་འཛུགས་གནང་མཁན། རྩོམ་པ་པོ། ལོ་ཙཱ་བ་སྐུ་ཞབས་བྷེ་ཊི་ཐོར་མན་སྐུ་གྲོངས་པར་སྐྱོ་ངལ་ཆེན་པོ་བྱུང་། ཞེས་བྲིས་ཏེ། ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུས་འདུག
རྩོམ་པ་པོ་དང་། བོད་ཀྱི་ནང་དོན་རིག་པའི་མཁས་དབང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་( Robert Thurman ) ལགས་ནི། ཕྱི་ལོ་ ༡༩༤༡ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཁྲུངས་ཤིང་། ཁོང་ནི་ཀོ་ལུམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ (Columbia University) ཆོས་ལུགས་སྡེ་ཚན་ནང་རྒྱ་གར་དང་བོད་ཀྱི་ནང་པའི་རིག་གཞུང་(Indo-Tibetan Buddhist Studies in the Department of Religion) གི་དགེ་རྒན་ཆེན་མོ་དང་། ཨ་རིའི་བོད་ཁང་གི་འགན་འཛིན། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ནས་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་ཐོག་མའི་གྲས་ཤིག་ཡིན་འདུག
ཕྱི་ལོ་ ༡༩༩༧ ལོར་ཁོང་ཨ་རིའི་ཤུགས་རྐྱེན་ཅན་གྱི་མི་སྣ་ཉི་ཤུའི་ནང་དྲག་འདེམས་བྱུང་བ་དང་། ཕྱི་ལོ ༢༠༠༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་བདེན་པའི་འོད་སྣང་གི་གཟེངས་རྟགས་ (Light of Truth Award) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་ཤིག་ཕུལ། ཕྱི་ལོ་ ༢༠༠༦ ལོར་ནེའུ་ཡོག་ཚགས་ཤོག་གི་ཆོས་ལུགས་ཐད་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣར་མཚན་འདོན་བྱས། ཕྱི་ལོ་ ༢༠༢༠ ལོར་རྩོམ་རིག་དང་ཤེས་ཡོན་ཐོག་རྒྱ་གར་གྱི་ཆེས་མཐོའི་པདྨ་ཤྲི་གཟེངས་རྟགས་ཐོབ།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།
The post སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག appeared first on བོད་ཀྱི་དུས་བབ།.





