ཁ་སང་འཛམ་གླིང་ས་ཕྱོགས་གང་སར་དྲུག་བཞིའི་དོན་རྐྱེན་རྗེས་དྲན་དང་སྲུང་བརྩི་ཞུས་ཡོད་པའི་ཁྲོད། ཉི་འོང་གི་རྒྱལ་ས་ཊོག་ཡོ་དང་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་གཏམ་བཤད་དང་བགྲོ་གླེང་ཚོགས་འདུ་འཚོགས་ཡོད་པ་མ་ཟད། སྦེལ་ཇམ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་ཚེས་ ༣ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཉི་འོང་རྒྱབ་སྐྱོར་བ་གཉིས་ཟུང་སྦྲེལ་ཐོག་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༧ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་། རང་དབང་དང་མང་གཙོའི་ཆེད་ངོ་རྒོལ་བྱེད་མཁན་གྱི་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་རྗེས་དྲན་ཆེད་གཏམ་བཤད་དང་བགྲོ་གླེང་བཅས་ཀྱི་ཐོག་ནས་ལས་རིམ་གཉིས་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་འདུག གཏམ་བཤད་ནང་གཙོ་བོ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མང་གཙོ་དང་རང་དབང་འཐབ་རྩོད་པའི་རྒྱ་རིགས་དང་ཐའེ་ཝན་བ། དེ་བཞིན་ཧོང་ཀོང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་འཁྱོག་བརྗོད་བྱེད་པ་བཞིན་བོད་མི་རྣམས་རྒྱ་ནག་དང་རྒྱ་རིགས་ལ་མི་དགའ་བ་མ་ཡིན་པར། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ངོ་བོ་བཅས་པར་རྩ་མེད་བཟོ་བའི་སྲིད་བྱུས་ངན་པ་དག་ལ་ངོ་རྒོལ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཧོང་ཀོང་མང་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས། རྒྱ་རིགས་སློབ་མ་ཀྲང་ཡཱ་ཊི་ལགས། དེ་བཞིན་རྒྱ་ནག་གཞུང་གིས་མནར་བཅོད་འོག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་ Federation for a Democratic China ཞེས་རྒྱ་ནག་མང་གཙོ་ལྷན་ཚོགས་དང་ཉི་འོང་རྒྱབ་སྐྱོར་བ་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་གཏམ་བཤད་ཀྱི་ལས་རིམ་དང་པོ་དེ་བཞིན་ཉི་འོང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་སེ་ཀི་ཧའེ་ Seki Hei ལགས་ཀྱིས་རྒྱ་རིགས་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་འབྲེལ་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གཙོས་པའི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་དམར་ཤོག་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་བརྩི་སྲུང་དགོས་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་དཔུང་འཛུལ་དང་འཇིགས་སྐུལ་ཁག་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག ཕྱོགས་མཚུངས་ཁ་ཉིན་སྦེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་དུ་རྒྱ་རིགས་སློབ་ཕྲུག་རྣམས་ཀྱིས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་བཅོས་བྱེད་དགོས་པའི་རེ་འབོད་ཀྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་དམར་གསོད་ཀྱི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༧ འཁོར་བའི་རྗེས་དྲན་སྲུང་བརྩིའི་སླད། དྲྭ་ཐོག་གི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་ཐོག་ཡོ་རོབ་རྒྱ་རིགས་འབྲེལ་འཐུད་པ་སངས་རྒྱས་སྐྱབས་ལགས་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་འཇམ་དབྱངས་ཚེ་རིང་ལགས། བོད་དོན་གནས་ཚུལ་བརྒྱུད་འགོད་པ་ས་དཀར་བཀྲ་ཤིས་ལགས། ཐའེ་ཝན་གཞུང་ཚབ་ཆེན་མོ་ཤེ་ཀྲི་ཝེ་ལགས། དེ་བཞིན་ཨིན་ཡུལ་དང་། ནི་དར་ལེནྜ། ཕ་རན་སི། འཇར་མ་ནི། བེལ་ཇི་ཡམ་སོགས་ནས་བཅར་བའི་རྒྱ་རིགས་མང་གཙོ་དོན་གཉེར་བ། ཡུ་གུར་བ། ཐའེ་ཝན་བ་སོགས་མི་སྣ་ཉི་ཤུ་དང་། གཞན་ཨ་རི་དང་། ཉི་འོང་། ཨོ་གླིང་སོགས་ཀྱི་མང་གཙོ་དོན་གཉེར་བ་དང་རྒྱ་རིགས་མཁས་པ་བཅས་མི་སྣ་སུམ་བཅུ་ལྷག་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུའི་དེ་བཞིན་ Sino Euro Voices ཞེས་པའི་ཚོགས་པ་དང་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཡོ་རོབ་རྒྱ་རིགས་འབྲེལ་འཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། […]
The post ས་ཕྱོགས་གང་སར་དྲུག་བཞིའི་དོན་རྐྱེན་རྗེས་དྲན་དང་སྲུང་བརྩི། appeared first on vot.





