ཤེར་ཕྱིན་བརྗོད་གཞིའི་ཐོག་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དགུ་པ་དབུ་འཛུགས།
དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་སྨན་རི་གླིང་གི་མཐུན་འགྱུར་འོག་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པ་དེ་བཞིན་སྨན་རི་གླིང་དུ་དབུ་འཛུགས་གནང་ཡོད་པ་རེད། དེའི་སྐུ་མགྲོན་གཙོ་བོར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་གཙོས་པའི་སྐུ་མགྲོན་ཁག་ཅིག་ལྷན་འཛོམས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།
གཞུང་ཆེན་རིས་མེད་ཀྱི་བགྲོ་གླེང་ཐེངས་དགུ་པ་འདི་བཞིན། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༥ ནས་འགོ་འཛུགས་བྱས་ཏེ་ཚེས་ ༩ བར་ཉིན་གྲངས་ལྔའི་རིང་འཚོགས་ཀྱི་ཡོད་ཅིང་། སྐབས་དེར་བཙན་བྱོལ་ནང་གི་དགོན་སྡེ་ཁག་ ༤༥ ནས་གྲྭ་བཙུན་ཁྱོན་ ༨༥ མཉམ་ཞུགས་བྱས་ཡོད་པ་མ་ཟད། བརྗོད་གཞི་ཤེར་ཕྱིན་ཐོག་མཁན་སློབ་དགེ་བཤེས་གྲངས་ ༢༢ ནས་དཔྱད་རྩོམ་སྒྲོགས་སྦྱང་དང་། དེའི་ཐོག་ནང་ཕན་ཚུན་བགྲོ་གླེང་དང་གོ་སྡུར་སོགས་གནང་བཞིན་ཡོད་པ་རེད།
རྩ་བའི་ད་རེས་ཚོགས་བཞིན་པའི་གཞུང་ཆེན་རིས་མེད་བགྲོ་གླེང་འདི་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༡ པའི་ཐོག་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་བར་མཐུན་འབྲེལ་དང་། གུས་བརྩི། ཆོས་སྡེ་ནང་ཁུལ་ངོ་སྤྲོད་ཡོང་རྒྱུ་སོགས་ཀྱི་བཀའ་སློབ་ཕེབས་པ་ལྟར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་དགོན་སྡེ་ཆེ་ཁག་ ༥༠ ཡི་སྐུ་ཚབ་གདན་ཞུས་ཀྱིས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་བཞག་སྟེ། ཕྱི་ལོ་ ༢༠༡༥ ལོ་ནས་འགོ་འཛུགས་ཀྱིས་ཐོག་མར་རྒྱུད་སྟོད་གྲྭ་ཚང་དུ་ཕར་ཕྱིན་དང་། དབུ་མ། ཚད་མ། མཛོད་སོགས་ཀྱི་བརྗོད་གཞི་ཁག་གི་ཐོག་ད་བར་ཤེས་ཡོན་གྱི་བལྟེ་གནས་ཁག་ཏུ་བགྲོ་གླེང་སོགས་གནང་ཡོད་པ་རེད་འདུག །





