བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ YES+ གཞོན་སྐྱེས་ནུས་སྟོབས་གོང་འཕེལ་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་འཆར་སྣང་དང་ལག་ལེན། དེ་བཞིན་མཉམ་རུབ་ཀྱི་མི་ཤུགས་གོང་སྤེལ་ཞེས་པའི་བརྗོད་གཞིའི་ཐོག་ ༢༠༢༦ ལོའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འཚོགས་པའི་ཉིན་གསུམ་གྱི་ཚོགས་འདུ་དབུ་འབྱེད་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མཁས་ལས་པ་སུམ་ཅུ་ལྷག་མཉམ་ཞུགས་གནང་སོང་། མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞོན་སྐྱེས་དང་སྒྲིག་འཛུགས་གཉིས་དབར་འབྲེལ་བ་དམ་ཟབ་ཀྱི་ཐོག་ནས་ཡིད་ཆེས་རྙེད་པ་བཟོས་དགོས་པ་དང་། གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་སོ་སོས་དམིགས་ཡུལ་དང་དགོས་མཁོ་ལ་གཞིགས་པའི་གཞོན་སྐྱེས་གང་མང་དང་འབྲེལ་བ་བཙུགས་ཐུབ་པ་བྱེད་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་རེ་རེའི་དང་འབྲེལ་བ་གནང་སྟེ་མཉམ་རུབ་ཀྱི་ནུས་པ་སྤུང་ཐབས་བྱེད་དགོས་གལ་ཡིན་པ་གསུངས་སོང་། མ་ཟད་མཛད་སྒོ་གྲུབ་མཚམས་སུ་འདི་གའི་གསར་འགོད་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཚོགས་འདུའི་གལ་གནད་དང་བོད་པའི་གཞོན་སྐྱེས་རྣམས་ལ་བརྡ་ལན་ཇི་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས། སྤྱི་ཚོགས་ནང་དུ་མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པ་དགོས་གལ་ཆེ་བ་ཡིན་པ་དང་སྦྲགས། འདི་ལྟ་བུའི་ཟབ་སྦྱོང་བརྒྱུད་ནས་བོད་མི་རྣམས་ནུས་པ་ལྡན་པ་ཞིག་ཆགས་རྒྱུའི་འབད་བརྩོན་བྱེད་རྒྱུ་དེ་ཡིན་པ་སོགས་གསུངས་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། སྒྲིག་འཛུགས་གང་ཡིན་ཡང་གཞོན་སྐྱེས་རྣམས་ནི་སྒལ་ཚིགས་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེན། བོད་པའི་གཞོན་སྐྱེས་རྣམས་ལ་བོད་པ་ཡིན་པའི་ཞེན་ཁོག་དང་ལ་རྒྱ་ཡོད་ཀྱང་། དམིགས་བསལ་བོད་དོན་ཆེད་དུ་ལས་ཀ་བྱེད་སའི་སྡིངས་ཆ་མེད་པ་ལྟ་བུ་ཆགས་ཡོད་པར་བརྟེན། དེ་རིང་གི་ཚོགས་འདུའི་བརྒྱུད་ནས་བོད་པའི་གཞོན་སྐྱེས་གང་མང་ལ་སྡིངས་ཆ་དང་གོ་སྐབས་བསྐྲུན་ཐུབ་པའི་རེ་བ་ཡོད་པ་སོགས་གསུངས་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ YES+ གཞོན་སྐྱེས་ནུས་སྟོབས་གོང་འཕེལ་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་འབྲེལ། ད་ལན་གྱི་ཚོགས་འདུ་དེ་བཞིན་ཚོགས་པ་འདི་གའི་གོ་སྒྲིག་འོག་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་མཁས་ལས་པ་སོགས་གདན་ཞུས་གནང་བའི་ཚོགས་འདུ་ཐེངས་དང་པ་དེ་ཆགས་ཀྱི་ཡོད་པ་རེད།
The post ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དབུ་འཛུགས། appeared first on vot.





