རྒྱའི་དྲ་ཐོག་འཁྱོག་བཤད་ལ་ནིའུ་ཡོག་ཏུ་གཞོན་ནུའི་ལས་འགུལ་གསར་པ།

1 month ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༧ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་པའི་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་བ་ལྟར་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ། བོད་རང་བཙན་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་རྒྱ་ནག་གཞུང་གི་དྲ་ཐོག་འཁྱོག་བཤད་ལ་གདོང་ལེན་བྱ་ཆེད། གཞོན་ནུའི་དབུས་རྒྱུན་ཟུར་པ་དོན་གྲུབ་ལྷ་དར་དང་བཀྲ་ཤིས་ལམ་བཟང་རྣམ་གཉིས་ཀྱིས་སྣེ་ཁྲིད་འོག་ལས་ཁུངས་ས་ཚིགས་ཤིག་ཆེད་བཙུགས་ཀྱིས་ལས་འགུལ་གསར་པ་ཞིག་དབུ་འཛུགས་གནང་ཡོད་འདུག་ཅིང་། དེ་དང་སྦྲགས། ལས་འགུལ་དེའི་ནང་ནིའུ་ཡོག་ཏུ་གནས་སྡོད་བོད་མི་ཤེས་ཡོན་ཅན་དང་། སྒྱུ་རྩལ་པ། སློབ་ཕྲུག མང་ཚོགས་བཅས་ནས་མཉམ་ཞུགས་གནང་བའི་འབོད་སྐུལ་ཡང་ཞུས་སོང་། དེ་བཞིན་ཁ་སང་ཕྱི་ཟླ་ ༧ ཚེས་ ༢༦ ཉིན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཇེམ་ མེག་གྷ་ཝན་ (Jim McGovern) མཆོག་དང་ཁོང་གི་ནང་མི་ལྷན་རྒྱས། དམ་པ་ཁོང་གིས་རང་ལུས་མེར་སྲེག་གནང་སའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ཆེད་ཕེབས་ཀྱིས། མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད། སྐབས་དེར་སྐུ་ཞབས་ཁོང་གིས། རྒྱ་ནག་གིས་བོད་མིའི་ཐོབ་ཐང་ལ་ངོས་འཛིན་དང་བརྩི་འཇོག་མ་བྱས་བར་དུ་ཨ་རིའི་གྲོས་ཚོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་ཡང་ཐོབ་མི་ཐུབ་པའི་ནན་བརྗོད་གནང་བར། གཞོན་ནུ་ལྷན་ཚོགས་ཀྱིས་ཐུགས་རྗེ་ལེགས་སོ་ཞུས་ཡོད། གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གནང་བཞིན་པའི་ཉིན་དགུ་པ་དེ་ཆགས་ཡོད་འདུག་ལ། དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་རྒྱལ་ཁབ་ ༡༤ ནང་ཡོད་པའི་གཞོན་ནུའི་ས་གནས་ཁག་ནས་ཀྱང་། ཞེ་དགུའི་བར་ཉིན་ལྟར་རྩ་བའི་དགོས་འདུན་གཅིག་མཚུངས་ཀྱི་ཐོག་ནས་ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་ཟམ་མ་ཆད་པར་སྤེལ་མུས་ཡིན་པ་རེད་འདུག །
Watch on YouTube