རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད་པ་གསུངས་འདུག

1 month ago

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག དེ་ཡང་དེ་རིང་ Hindustan Times གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་བཞིན་པ་དང་བསྟུན། རྒྱ་གར་གྱི་གསར་ཁང་ Hindustan Times ལ་བཅར་འདྲི་ལེ་ཚན་ཞིག་དྭངས་ལེན་གནང་བའི་ཁྲོད། སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ནའང་ཕན་ཚུན་བཀའ་མོལ་བྱུང་བ་དེ་དག་གལ་གནད་ཆེ་བ་ཞིག་ལ་མཐོང་གི་མེད་ཅེས་གསུངས་བ་མ་ཟད། རྒྱལ་སྤྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོ་སྣང་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ལོ་ལྔའི་དུས་ཡུན་རིང་ལས་དོན་གལ་ཆེ་གསུམ་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་ཡང་གཅིག་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེའི་ཐོག་ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་མེད་པར་ལྟ་བུར་མཐོང་གི་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྱོན་ལ་ཞུ་གཏུག་བྱེད་བཞིན་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་བཞིན་ཡོད་པ། དེ་བཞིན་བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་འགྲེལ་བརྗོད་དང་གོ་རྟོགས་སྤེལ་རྒྱུ་ནི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ་གསུངས་འདུག གཉིས་པ་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་བཙན་བྱོལ་སྤྱི་ཚོགས་གཞན་དང་མི་འདྲ་བར། རྒྱ་བལ་འབྲུག་གསུམ་གཙོས་པའི་རྒྱལ་ཁབ་ ༢༨ ནང་གནས་པའི་བཙན་བྱོལ་བོད་མིའི་རྣམས་ཀྱི་བདེ་སྡུག་ལ་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པ་དང་། དེའི་ནང་འཛུགས་སྐྲུན་གྱི་ལས་གཞི་དང་སློབ་གྲྭ །སྨན་ཁང་། དེ་བཞིན་གཞུང་གི་ལས་ཁུངས་སོགས་ལ་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པར་བརྟེན། བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ལྟ་སྐྱོང་བྱེད་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག གསུམ་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཐད་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པ་དང་། འཛིན་སྐྱོང་གི་ལས་དོན་དེ་དག་འཕྲུལ་ཆས་ཀྱི་ཐོག་ནས་གནང་ཐུབ་པ་བཟོས་དགོས་རྒྱུ་དང་། མི་བཟོས་རིག་ནུས་བེད་སྤྱོད་བྱེད་པའི་བརྒྱུད་ལས་དོན་གནང་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་འཕྲུལ་རིགས་ཀྱི་ལས་དོན་གནང་ཕྱོགས་ཞན་པོ་ཡོད་པའི་རྐྱེན་གྱིས་འཕྲུལ་རིགས་ཀྱི་ཐོག་ནས་ལས་དོན་གནང་རྒྱུའི་ཐད་ཐབས་ཤེས་གནང་གི་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་ཞེས་ལབ་འདོད་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ངོས་ནས་རྫུན་གཏམ་ཤེས་འདོད་པ་མེད་པ་དང་། གལ་ཏེ་གནད་དོན་དེའི་ཐོག་དྲི་བ་སླེབས་ཚེ་སྐད་ཆ་དྲང་པོ་ཤེས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། གལ་ཏེ་རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་མཚམས་འཇོག་བྱེད་པ་མ་གཏོགས་བོད་མིའི་སྒྲིག་འཛུགས་ངོས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་མཚམས་འཇོག་འདོད་མེད་ཅེས་གསུངས་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་། ཞབས་པུས་གཡོན་པ་གཤག་བཅོས་གནང་གྲུབ་མཚམས་ཡིན་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་བའི་༸སྐུའི་འཕྲོད་བཞེས་སྐོར་འདྲི་བ་གཏང་དགོས་དོན་མེད་པ་དང་། གལ་ཏེ་ཤེས་འདོད་ཡོད་ཚེ་པེ་ཅིང་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ལྟ་རྒྱུ་ཡོད་རེད་ཅེས་གསུངས་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༨  ནས་ཉིན་གྲངས་ཉི་ཤུ་རིང་རྒྱལ་ས་ལྡི་ལི་དང་།  ཡོ་རོབ།   ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་། ཇར་མ་ནི་ཁུལ་དུ་ཚོགས་འདུ་ཁག་གཅིག་ཐོག་ལྷན་ཞུགས་དང་།  གནད་ཡོད་མི་སྣ་མཇལ་འཕྲད་ཙམ་མ་ཟད།   ཨ་རིའི་ནང་རོགས་དངུལ་དང་འབྲེལ་བའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

The post རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད་པ་གསུངས་འདུག appeared first on vot.

Original Article