རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

2 hours ago

བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ཀྲང་ཟེར་བས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བདུན་པའི་སྟེང་བོད་དོན་དང་རྒྱ་ནག་ལ་གནོད་པའི་གཏམ་བཤད་བཀག་སྡོམ་དང་ཚོད་འཛིན་བྱ་དགོས་ལུགས་ཤད་འདུག

ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ། ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་འཚོག་གཏན་ཁེལ་བ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ཀྲང་ཟེར་བས་བལ་ཡུལ་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨམ་རི་ཐི་བྷུ་ཧ་དྷར་(Amrit Bahadur Rai) ལགས་དང་ཐུག་འཕྲད་བགྱིས་ཏེ།  འདི་ལོའི་བོད་རིག་པའི་ཚོགས་འདུ་དེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱབ་སྐྱོར་བ་ཚོས་བེད་སྤྱོད་གཏོང་ཉེན་ཡོད་པའི་མུར། བོད་དོན་དང་འབྲེལ་བའི་གནད་དོན། དེ་བཞིན་རྒྱ་ནག་གཞུང་ལ་དགག་པ་བྱེད་པའི་གནད་དོན་རིགས་མི་ཡོང་རྒྱུར་ཚོད་འཛིན་བྱ་དགོས་ལུགས་སོགས་བཤད་འདུག

གནད་དོན་དེ་དང་འབྲེལ་ནས་ཀ་ཐི་མན་ཌུ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཤར་མ་ལགས་ཀྱིས། འཛམ་གླིང་ན་སྙན་གྲགས་ཅན་གྱི་ཨོག་སི་ཧྥོར་ཌི་དང་ཁེམ་བི་རི་ཇི་ལྟ་བུའི་གཙུག་ལག་སློབ་གྲྭ་ཁག་གི་མཁས་དབང་དང་སློབ་དཔོན་རྣམས་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་རེད། བོད་རིག་པའི་ཆེད་མཁས་པ་རྣམས་ཀྱང་རྒྱལ་ཁབ་ ༣༩ ནས་འདིར་མཉམ་ཞུགས་གནང་གི་ཡོད། དེ་ནི་ཏཱ་ལའི་བླ་མ་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ་ཞིག་མིན་ལ། རྒྱ་རིགས་སློབ་དཔོན་དང་མཁས་པ་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད། རྒྱ་ནག་གཞུང་ཚབ་ཀྱིས་ཀྱང་གནས་ཚུལ་འདི་ཤེས་ཀྱི་ཡོད། ང་ཚོས་གཞུང་གི་ལས་ཁུངས་ཁག་ལའང་དེའི་སྐོར་སྙན་གསེང་ཞུས་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ། ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡ་ཨེ་ཤ་ཡའི་རིག་གནས་ལྟེ་གནས་ཁང་དང་ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་པའི་ཆོས་རིག་ལྟེ་གནས་ཁང་རང་བྱུང་ཡེ་ཤེས་སློབ་གླིང་གཉིས་ཀྱིས་གཙོ་སྐྱོང་ཞུ་ཡི་ཡོད་ཅིང་། ཚོགས་འདུ་དེ་ཧ་ཡེ་ཊི་(Hyatt Regency Hotel ) གསོལ་མགྲོན་ཁང་དང་ཉེ་འདབས་ཀྱི་ཏཱ་ར་གྷའུང་འགྲེམས་སྟོན་ཁང་(Taragaon) གཉིས་སུ་འཚོག་འཆར་ཡོད་ཅིང་། ས་ཁུལ་དེ་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ནས་རྐང་ཐང་དུ་སྐར་མ་ལྔ་ཙམ་མ་གཏོགས་འགོར་གྱི་མེད་པ་རེད།

དེ་བཞིན་ཀ་ཐི་མན་ཌུ་ཆ་འཕྲིན་ལྟར་ན། བལ་ཡུལ་དུ་གནས་སྡོད་ཤེས་ཡོན་ཆེད་མཁས་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཟླ་རྗེས་མར་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་བཅས་དར་སྤེལ་བྱས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལུགས་ཀྱི་འགྲེལ་ལོག་རྒྱག་སྲིད་པའི་སེམས་འཚབ་བྱེད་མུས་དང་།  རྒྱ་ནག་གཞུང་ཚབ་པས་ཀྱང་ཚོགས་ཆེན་དེའི་ཐད་སེམས་འཚབ་ཡོད་ལུགས་བཤད་འདུག་ཀྱང་། ཡིག་ཐོག་ནས་ཚོགས་ཆེན་མཚམས་འཇོག་དགོས་ལུགས་གང་ཡང་བཤད་མེད་སྐོར་གསལ་འདུག

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་དེ་ནི་ཕྱི་ལོ་ ༡༩༧༧ ལོར་དངོས་སུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། སྐད་ཡིག སྒྱུ་རྩལ་བཅས་ཀྱི་ཐོག་ཞིབ་འཇུག་གོང་འཕེལ་གཏང་རྒྱུར་དམིགས་པའི་ཤེས་ཡོན་གྱི་ཚོགས་འདུ་ཞིག་ཡིན་འདུག་ལ། ད་བར་འཛམ་གླིང་གི་ས་ཕྱོགས་གང་སར་ཚོགས་ཆེན་ཐེངས་བཅུ་དྲུག་འཚོགས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོར་ཚོགས་ཆེན་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་འཚོགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

The post རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད། appeared first on བོད་ཀྱི་དུས་བབ།.

Original Article