རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་གཏོར་བཤིག་གི་ལས་འགུལ་ཤུགས་ཆེ་སྤེལ་འགོ་བཙུགས་པ།

1 day ago

༄༅། །རྒྱ་ནག་གཞུང་གིས་བོད་ཁམས་དཀར་མཛེས་སེལརཤུལ་རྫོང་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བཤད་གྲྭ་གསེར་རྟ་བླ་རུང་སྒར་དུ་གཏོར་བཤིག་གི་ལས་འགུལ་གསར་པ་ཞིག་སྤེལ་འགོ་བཙུགས་ཡོད། དེ་ཡང་ཁུངས་ལྡན་གནས་ཚུལ་ལྟར་ན། གཏོར་བཤིག་གི་ལས་གཞི་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༣ ནས་འགོ་བཙུགས་ཡོད་ཅིང་། ཐོག་མར་གསར་འགྱུར་བརྒྱུད་ལམ་ཁག་དང་འཕྲུལ་སྐར་ལྟ་ཞིབ་བཅས་ལས་གཡོལ་ཆེད་བྱེད་འགོ་དེ་དག་མཚན་མོར་སྤེལ་ཡོད་ཀྱང་། ད་ལྟའི་ཆར་ཉིན་མོའི་དཀྱིལ་ལ་སྤེལ་བཞིན་ཡོད་འདུག ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༥ བར་སྡོད་ཁང་དྲུག་ཙམ་གཏོར་བཤིག་བཏང་ཟིན་པ་མ་ཟད། དགོན་པའི་ནང་ཡོད་པའི་དགེ་འདུན་པ་དང་བཙུན་མའི་སྡོད་ཁང་ཉུང་མཐར་ ༡༠༦༠ ཙམ་གཏོར་བཞིག་གཏོང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ལོ་ ༢༠༠༡ དང་། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ ལོར་དགོན་པའི་གྲྭ་ཤག་ ༧༠༠༠ ལྷག་གཏོར་བཤིག་བཏང་བ་དང་། མི་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོ་བཅུག་རྗེས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༡༩ ལོར་དགོན་པའི་ནང་སློབ་འཇུག་བཀག་སྡོམ་དང་། ལྟ་ཞིབ་ཇེ་ཆེར་གཏོང་བ། དམག་དཔུང་རྒྱ་སྐྱེད། ཐད་འཕུར་གནམ་གྲུའི་ལྟ་ཞིབ། དེ་བཞིན་ཕྱི་ལོ་ ༢༠༢༤ ལོའི་མཇུག་ཏུ་གནས་སྡོད་བཀག་སྡོམ་བཅས་བྱས་ཡོད། ཕྱི་ལོ་ ༢༠༢༥ ལོར་རྒྱ་གཞུང་གིས་སྡོད་གནས་ཡིག་ཆ་མེད་པའི་ཁ་གཡར་ས་བྱས་ཏེ་བླ་རུང་སྒར་དགོན་ནས་བོད་རིགས་གྲྭ་བཙུན་ ༡༠༠༠ ལྷག་ཕྱིར་འབུད་བཏང་ཡོད་པ་དང་། དཔོན་རིགས་ཚོས་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་གཏོང་དགོས་པའི་བཙན་བཀའ་བཏང་ནས་གནས་སྡོད་གྲྭ་བཙུན་གྱི་གྲངས་འབོར་ ༦༠༠༠ ནས་ ༥༠༠༠ བར་ཉུང་དུ་གཏོང་དགོས་ཡོད།

རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་བོད་ཀྱི་ཤུལ་བཞག་ལ་གཏོར་བཤིག་དང་། བོད་ཀྱི་ངོ་བོར་མཐོང་ཆུང་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་སྤེལ་ཡོད་ནའང་། ཉེ་ཆར་གཏོར་བཤིག་གི་དུས་ཚོད་ནི་དམིགས་བསལ་གྱིས་དོ་སྣང་བྱེད་འོས་པ་ཞིག་ཆགས་ཡོད། གཏོར་བཤིག་གི་བྱ་སྤྱོད་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༡ ཉིན་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལག་བསྟར་བྱས་ནས་བདུན་ཕྲག་འགས་ཤས་རྗེས་སུ་བྱུང་བ་ཞིག་རེད། ཁྲིམས་ཡིག་འདི་ནི་མཐུན་སྒྲིལ་གོང་མཐོར་བྱ་རྒྱུ་མ་ཡིན་པར་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད།  རྒྱ་གཞུང་གིས་རྒྱ་སྒྱུར་དང་། ཡར་རྒྱས་ཞེས་པའི་མིང་འོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ལམ་སྲོལ། ངོ་བོ་བཅས་རྩ་མེད་གཏོང་བཞིན་ཡོད།

རྒྱ་ནག་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་། རྒྱ་ནག་གི་རྩ་ཁྲིམས་ལས་འགལ་གྱི་ཡོད། རྩ་ཁྲིམས་དེས་རྒྱ་ནག་ལ་བོད་མིའི་རིག་གཞུང་དང་། སྤྱི་ཚོགས། ཆོས་དད་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པའི་འགན་འཁྲི་དགོས་པ་གསལ་ཡོད་ཀྱང་། རྒྱ་ནག་གིས་དེ་ལས་ལྡོག་སྟེ་བོད་ཀྱི་དགོན་པའི་སྤྱི་ཚོགས་ཁྲོད་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ་དང་། བོད་རང་སྐྱོང་གི་སྲིད་གཞུང་དེ་རྒྱ་གཞུང་གིས་ཐད་ཀར་སྟངས་འཛིན་བྱས་ཏེ་བོད་པའི་འཚོ་བའི་རྨང་གཞི་རྩ་གཏོར་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་བླ་རུང་སྒར་དུ་བྱུང་བའི་ཚབས་ཆེའི་དྲག་གནོན་དེས་བོད་མི་རྣམས་ཀྱི་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་བྱུང་བ་མ་ཟད། བཙུན་མ་ཚེ་རིང་སྒྲོལ་ལགས་དང་། སེམས་ག་ལགས་ཀྱིས་རང་སྲོག་བཅད་པའི་གནད་དོན་བྱུང་ཡོད།

འདས་པའི་ལོ་ཤས་ནང་ཡུ་རོབ་གྲོས་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ། ཨ་རིའི་སྲིད་གཞུང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་པ་མང་པོས་རྒྱ་གཞུང་གིས་བླ་རུང་སྒར་དུ་གོ་རིམ་ལྡན་པའི་གཏོར་བཤིག་དང་། རིག་གཞུང་རྩ་མེད་བཟོ་བཞིན་པར་ངོ་རྒོལ་གྱི་གྲོས་ཆོད་དང་། མཉམ་འབྲེལ་གྱི་འབྲེལ་ལམ། གཞུང་འབྲེལ་བསྒྲགས་གཏམ་བཅས་ཡང་ནས་ཡང་དུ་སྤེལ་ཡོད། རྒྱ་ནག་གིས་བླ་རུང་སྒར་དུ་གཏོར་བཤིག་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པ་དང་། དམག་དཔུང་དང་འཛིན་སྐྱོང་གི་མི་སྣ་ཕྱིར་འཐེན་དགོས་པ། བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུའི་འགན་འཁྲི་ལག་བསྟར་བྱེད་དགོས། །

Original Article