རྒྱ་གཞུང་གིས་མཚོ་ལྷོ་བོད་རིགས་ས་ཁུལ་གྱི་ཆོས་དད་རང་མོས་ལ་བཀག་འགོག་དང་དཀའ་ངལ་བཟོ་བཞིན་པ།

1 month ago

བོད་མཚོ་ལྷོ་ཁུལ་གྱི་ཆབ་ཆ་རྫོང་དང་། ཁྲི་ཀ་རྫོང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་སོགས་ཀྱི་རྫོང་རིམ་པ་དང་གྲོང་བརྡལ་རིམ་པའི་ནང་དུ་ཆོས་དད་རང་མོས་ལ་བཀག་འགོག་དང་དཀའ་ངལ་བཟོ་བཞིན་པའི་གནས་ཚུལ་ཐོན་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ལྷོ་ས་ཁུལ་མང་ཆེ་བའི་བོད་རིགས་ལས་བྱེད་རྣམས་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་། སློབ་མ་ཚོ་གུང་སེང་སྐབས་སུ་དགོན་པའི་ནང་དུ་མཆོད་མཇལ་འཁྲིད་མི་ཆོག་པའི་སྒྲིག་ཁྲིམས་བཟོས་ཡོད་པ་མ་ཟད། འདི་ལོ་ནས་བཟུང་འགོ་ཁྲིད་གསར་པ་ཞོང་ཡོན་ལཡེ་ཟེར་བས་མ་ཎི་རྡོ་འབུམ་བཤིག་པ་དང་། སྒོ་དར་དང་དར་ལྕོག་མེར་བསྲེགས་པ། ཏང་གི་བཀའ་གསུང་གཙུགས་འཛིན་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་གསུང་གིན་འདུག དེ་བཞིན་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ནང་མ་ཎི་རྡོ་འབུམ་བརྒྱ་ཕྲག་ཡོད་པ་དང་མང་ཆེ་བ་བཤིག་ཡོད་ཅིང་། རླུང་རྟ་དང་དར་ལྕོག ཁྱིམ་ཚང་རེ་རེའི་ཁང་མདུན་གྱི་དར་ཤིང་སོགས་བཀོག་ནས་མེར་བསྲེགས་བཏང་བ། ད་ལྟ་མཚོ་ལྷོ་ས་ཁུལ་དུ་དར་ལྕོག་དང་དར་ཤིང་འཚོང་མཁན་གྱི་ཚོང་ཁང་རྣམས་ལ་ཡང་ཉོ་ཚོང་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་འགྲེལ་བརྗོད་གནང་གིན་འདུག ཡང་བོད་ནང་གི་འབྲེལ་ཡོད་ཅིག་གིས། སྤྱིར་རྒྱ་གཞུང་གི་བྱེད་སྟངས་འདི་མཚོ་ལྷོ་གཅིག་པོ་མིན་པར་བོད་ཁམས་ཡོངས་སུ་ལག་བསྟར་བྱེད་བཞིན་པ་ཞིག་དང་། ལོ་སྔོན་མར་མགོ་ལོག་ཁུལ་དྲུག་ཆེན་སུམ་མདོའི་ཉེ་འཁྲིས་སུ་ཡོད་པའི་མ་ཎིའི་དར་ཆེན་ཞིག་ཡོད་པ་དགུན་དུས་སུ་མེ་སྐྱོན་དང་། ཁོར་ཡུག་གཙང་བཟོའི་ལས་འགུལ་ལ་ཁ་གཡར་ནས་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས་མེར་བསྲེགས་གཏོང་སྐབས། ས་གནས་བོད་པ་ཚོས་བརྙན་བླངས་ཏེ། དྲྭ་ལམ་དུ་བརྒྱུད་བསྐུར་བྱས་རྗེས། གཞུང་འབྲེལ་ལས་བྱེད་སྐོར་ཞིག་ཡུལ་དེར་དངོས་སུ་སླེབས་ནས་མ་ཎི་དར་ལྕོག་ཕོན་ཆེན་པོ་ཡོད་པའི་ས་གནས་ཁག་ལ་མེ་སྐྱོན་སྔོན་འགོག་དང་། ཁོར་ཡུག་གཙང་བཟོ་བྱ་དགོས་ཚུལ་གྱི་བཀའ་ཁྱབ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་མཚོ་ལྷོ་ཁུལ་གྱི་ཞོང་ཡོན་ལཡེ་ཟེར་བའི་རྒྱ་རིགས་འགོ་ཁྲིད་དེ་དེ་སྔོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་གི་རྫོང་དཔོན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་དང་སྤྱི་སྤྱོད་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་གཞུང་ལས་ཁང་གི་འགན་འཛིན། དེ་བཞིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་གི་རྫོང་དམར་ཤོག་དྲུང་ཆེ་དང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དམར་ཤོག་ཚོགས་པའི་དྲུང་ཆེ་སོགས་བྱས་མྱོང་ཡོད་པ་རེད།

The post རྒྱ་གཞུང་གིས་མཚོ་ལྷོ་བོད་རིགས་ས་ཁུལ་གྱི་ཆོས་དད་རང་མོས་ལ་བཀག་འགོག་དང་དཀའ་ངལ་བཟོ་བཞིན་པ། appeared first on vot.

Original Article