རྒྱ་གཞུང་གིས་བོད་མལ་གྲོ་གུང་དཀར་ཁུལ་དུ་ཁོར་ཡུག་འབག་བཙོག་ལ་སྣང་མེད་གཏོང་བཞིན་པ་ཐེར་འདོན།

1 month ago

རྒྱ་གཞུང་གིས་བོད་མིའི་ངོ་བོ་གཙོས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་པའི་ཁྲོད་འདིར། བོད་མལ་གྲོ་གུང་དཀར་ཁུལ་དུ་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་དང་འགོ་ཁྲིད་ཚོར་ཕ་ཡུལ་གྱི་བཟོ་གྲྭའི་དུ་བ་ལས་བྱུང་བའི་འབག་བཙོག་གིས་མི་མང་གི་འཚོ་བར་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་འདུག དེ་ཡང་སྦེལ་ཇམ་ནང་དུ་རྟེན་གཞི་བྱས་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ས་དཀར་བཀྲ་ཤིས་ལགས་ཀྱིས་རང་ཉིད་ཀྱི་ X སྤྱི་ཚོགས་དྲྭ་ལམ་སྟེང་དེ་འབྲེལ་བརྙན་ཐུང་ཞིག་བརྒྱུད་སྤེལ་གནང་འདུག་པར་གཞིགས་ན། བརྙན་ཐུང་དེའི་ནང་བོད་པའི་སྐྱེས་པ་ཞིག་གིས་ཁོང་ནི་མང་ཚོགས་དཀྱུས་མ་ཞིག་ཡིན་པ་གསུངས་ཏེ་ཁོང་ཚོའི་ལུང་པའི་ནང་ཉིན་མཚན་མེད་པར་བཟོ་གྲྭའི་དུ་བས་ཁེངས་ཡོད་པ་གསལ་སྟོན་གྱིས། གནས་སྟངས་དེའི་འོག་མི་ལྟ་ཞོག་སེམས་ཅན་རྣམས་ཀྱང་འཚོ་བ་འཁྱོལ་ཐབས་མེད་པས་མང་ཚོགས་དཀྱུས་མའི་ཆེད་དུ་བསམ་གཞིགས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཚན་པ་དང་འགོ་ཁྲིད་ཚོས་གནད་དོན་དེའི་ཐད་གང་མང་དོ་སྣང་གནང་རོགས་གསུངས་པ་མ་ཟད། བརྙན་ཐུང་དེ་དྲ་རྒྱའི་ཐོག་བརྒྱུད་སྤེལ་གནང་རོགས་ཅེས་རེ་སྐུལ་གནང་འདུག གཞི་རྩའི་རྒྱ་གཞུང་གིས་བོད་མཐོ་སྒང་དུ་ཆུ་མཛོད་གསར་རྒྱག་དང་། ཉི་འོད་གློང་ཁང་འཛུགས་སྐྲུན་དང་། དེ་བཞིན་གང་བྱུང་གཏེར་ཁ་སྔོག་འདོན་བརྒྱུད་བོད་ཀྱི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་ཚབས་ཆེ་གཏོང་མུས་ཁྲོད། སྔ་ལོར་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ CaiGuo-qiang དང་། ཁེ་ན་ཌའི་ Arc’teryx བཟོ་ཚོང་ཁང་གཉིས་ཀྱིས་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་སྟེང་སྒྱུ་རྩལ་དང་ཚོང་དོན་ཟེར་བའི་མིང་ཐོག་ནས་ཤོག་པག་ཕོན་ཆེན་སྤར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་བརྟེན། རྒྱལ་སྤྱིའི་ཁྲོད་བོད་མིས་གཙོས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་རྣམས་པས་དེེར་བློ་འཚབ་ཆེན་པོ་གསལ་སྟོན་གནང་ཡོད་པ་རེད།

The post རྒྱ་གཞུང་གིས་བོད་མལ་གྲོ་གུང་དཀར་ཁུལ་དུ་ཁོར་ཡུག་འབག་བཙོག་ལ་སྣང་མེད་གཏོང་བཞིན་པ་ཐེར་འདོན། appeared first on vot.

Original Article