ཕྱི་ལོ་ ༢༠༢༦ ལོའི་མཐའ་མཚམས་ཐོན་ལས་དང་མཐའ་དར་དམངས་ཕྱུག་གི་ལས་འཆར་ཟེར་བ་ཞིག་འཕགས་བོད་མཐའ་མཚམས་ཀྱི་ས་ཁུལ་དུ་ལག་བསྟར་བྱ་རྒྱུ་གཏན་ཁེལ་བྱས་ནས་ཟླ་ཤས་སོང་ཡོད་པ་དང་། དེའང་གཙོ་བོ་འཕགས་བོད་མཐའ་མཚམས་ཀྱི་གྲོང་སྡེ་བཞི་སྟེ། སྡེ་རུབ་གྲོང་ཚོ་དང་། རུ་ཐོག་གྲོང་ཚོ་གཙོས་པའི་གྲོང་ཚོ་བཞིའི་ནང་སྤེལ་རྒྱུ་རེད་འདུག འདི་ག་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་ལོ་འགོར་འཆར་གཞི་ལྟར་ན་ནང་འདྲེན་ཚོང་ལས་ལས་འཆར་ ༣ དང་ས་གནས་ལས་འཆར་ ༡༡ ལག་བསྟར་བྱ་གཏན་ཁེལ་བའི་ནང་ནས་ནང་འདྲེན་ཚོང་ལས་ལག་བསྟར་བྱས་ཟིན་ཡོད་ནའང་། ས་གནས་ཚོང་ལས་ལས་འཆར་གཅིག་ཀྱང་ད་བར་ལག་བསྟར་བྱས་མེད་པ་མ་ཟད། རྒྱ་ནག་ནང་ཁུལ་གྱི་ཚོང་ཟོག་དང་ཚོང་པ་རྣམས་འཕགས་བོད་མཐའ་མཚམས་ཀྱི་གྲོང་ཚོ་ནང་དུ་རྒྱུན་སྡོད་བྱེད་མཁན་ལ་ཆོག་མཆན་དང་མཐུན་རྐྱེན་བསྒྲུབ་རྒྱུ་གཙོ་བོར་བཟུང་ཡོད་པ་དང་། ཚོང་ལས་ལས་འཆར་གསར་པ་ ༡༡ མཐའ་མཚམས་ཀྱི་བོད་པ་ཚོའི་ཆེད་ལག་བསྟར་བྱ་རྒྱུ་ཟེར་བ་ད་དུང་གོ་ཐོས་ཅི་ཡང་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་། དེ་བཞིན་འདི་ལོའི་ཕྱི་ཟླ་དང་པོའི་ནང་དུ་མངའ་རིའི་རུ་ཐོག་རྫོང་གི་ཁུངས་གཏོགས་སུ་རྒྱ་ནག་གཞུང་ངོས་ནས་མཐའ་མཚམས་དམག་མི་གསར་བསྡུའི་དྲིལ་བསྒྲགས་བྱས་ཡོད་པའི་ཁྲོད། དམག་མིར་ཞུགས་ནས་སྐྱེས་པའི་དྲག་རྩལ་སྦྱངས། བྱས་རྗེས་སྒར་ལ་བཞག་ནས་མེས་རྒྱལ་དྲིན་ལན་འཇལ་ཟེར་བའི་འབོད་ཚིག་འོག་ནས་བོད་དམག་གསར་པ་བསྡུ་རུབ་བྱས་ཡོད་པ་དང་། དམག་དོན་སྟོབས་ཆེར་གཏོང་བའི་བསམ་བློའི་སློབ་གསོ་འདི་གཙོ་བོ་ས་གནས་རུ་ཐོག་རྫོང་གི་ཁུངས་གཏོགས་ཡིན་པ་དང་། སློབ་ཆེན་སློབ་མ་གཙོ་བོར་དམིགས་ཡོད་པ། དེ་བཞིན་ལོ་ཚད་ལོན་པའི་བོད་པ་སུ་ཡིན་རུང་འཛུལ་ཞུགས་བྱ་ཆོག་པ་ཡིན་འདུག གནས་ཚུལ་མཁོ་སྤྲོད་པས་ད་དུང་། འཕགས་བོད་མཐའ་མཚམས་སུ་ཚོང་ལས་ལས་འཆར་དང་། དམག་དོན་ལས་འཆར། འཛུགས་སྐྲུན་ལས་འཆར་སོགས་ལས་འཆར་སྣ་མང་བརྒྱུད་ནས་རྒྱ་རིགས་འབོར་ཆེན་མཐའ་མཚམས་སུ་གནས་སྤོས་བྱེད་བཞིན་ཡོད་པ་དང་། ས་གནས་སྲིད་གཞུང་གིས་མཐུན་རྐྱེན་ཅི་དགོས་སྒྲུབ་བཞིན་ཡོད་པ་གསུངས་སོང་། དེའི་བར་ན་ད་ལྟ་རང་གནས་ཚུལ་ཐོན་པ་གཞིགས་ལ། དེ་རིང་བོད་ནང་གི་ཆུ་ཚོད་ ༥ པ་ཡོལ་ཙམ་ལ་བོད་མཚོ་སྔོན་མཚོ་ནུབ་ཁུལ་དུ་ས་ཡོམ་རིམ་པ་ ༦་༣ ཙམ་ཞིག་བརྒྱབ་ཡོད་པ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་ ༡༠ ཡིན་འདུག ད་ལྟའི་ཆར་ས་གནས་སུ་ས་ཡོམ་བརྒྱབ་པ་མ་གཏོགས། གཞན་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མིན་འདུག
The post རྒྱ་གཞུང་གི་ཕྱི་ལོ་ ༢༠༢༦ ལོའི་མཐའ་མཚམས་ཚོང་ལས་ལས་འཆར་རྐྱེན་པས་ས་གནས་བོད་མིར་དཀའ་ངལ་འཕྲད་བཞིན་པ། appeared first on vot.





