འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་ཞུས་པ།

1 hour ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༤ ཉིན་བཀའ་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་དང་བཀའ་དྲུང་གསར་པ་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠  ཙམ་ལ་བཀའ་དྲུང་ཡིག་ཚང་དུ་སྤྲོད་དཔང་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་། བཀའ་དྲུང་ཟུར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། བཀའ་དྲུང་གསར་པ་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བཀའ་དྲུང་གསར་རྙིང་གཉིས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་དང་མཇལ་དར་ཕྲུལ་གྲུབ་མཚམས་བཀའ་དྲུང་ཟུར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་བཀའ་དྲུང་གསར་པ་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཞབས་སྟེགས་རྩིས་སྤྲོད་ཀྱིས་མཇལ་དར་ཕུལ། དེ་རྗེས་སྤྲོད་དཔང་དབུ་བཞུགས་ཐོག་བཀའ་དྲུང་ཟུར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ནས་བཀའ་དྲུང་གསར་པ་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ལས་ཐམ་དང་། ཡིག་དངོས་རྩ་ཆེ་ཁག་གཅིག་རྩིས་སྤྲོད་དང་། སྤྲོད་དཔང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་རྟེན་འབྲེལ་མཚོན་བྱེད་མཇལ་དར་ཕུལ་རྗེས་བཀའ་ཡིག་ཁྱབ་ཁོངས་དང་བཅས་པའི་ལས་བྱེད་ཡོངས་ནས་རྟེན་འབྲེལ་གྱི་མཇལ་དར་ཕུལ་ཏེ་མཛད་སྒོ་བདེ་ལེགས་ངང་གྲོལ།དེ་ཡང་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི།  མ་སུ་རི་གཏན་སློབ་ཐོན་རྗེས་རྒྱ་གར་པན་ཇབ་མཐོ་སློབ་ནས་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་པ་དང་། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་ན་མ་ལ་ཡི་མཐོ་སློབ་ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ལྡི་ལི་མཐོ་སློབ་ནས་ཉི་འོང་རིག་པའི་གཙུག་ལག་རབ་འབྱམས་དང་། ཏཱོ་ཀྱོར་རྟེན་གཞི་བྱས་པའི་ Chiyoda College of Business ཞེས་པ་ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ཐོག་ཌིབ་ལོ་མ། ལྡི་ལི་མཐོ་སློབ་ནས་འབུམ་རམས་པའི་སློབ་གཉེར་བཅས་གནང་། 

ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༤ ནང་དཔལ་འབྱོར་ལས་ཁུངས་སུ་ཐོག་མར་ཕྱག་ལས་གནང་བ་ནས་བཟུང་ལས་འགན་འདྲ་མིན་ནང་ཕྱག་ལས་གནང་བའི་ཁོངས་ནས་གཙོ་ཆེ་ཡིད་ཆེས་དགེ་རྩའི་ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་། ལྡི་ལི་དཔལ་འབྱོར་པར་སྐྲུན་ཁང་གི་འགན་འཛིན་སོགས་གནང་།  ཕྱི་ལོ་ ༢༠༠༥ ཟླ་བ་ ༦ ཚེས་ ༡༦ ཉིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༢ ཚེས་ ༢༦ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༡༥ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཟུང་དྲུང་གནས་རིམ་ཐོག་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༢༢ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༡༦ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༢༡ ཉིན་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་བོད་ཀྱི་གསར་འགྱུར་ཚན་པའི་འགན་འཛིན་གནང་མུས་ཐོག་ཕྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༡༧ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཅིག་ལྕོགས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༠༡ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༢ ཉིན་ནས་བཀའ་དྲུང་ཡིག་ཚང་གི་བཀའ་དྲུང་དུ་བསྐོ་གཞག་གནང་ཡོད་པ་བཅས། ། 

Original Article