འཇིགས་མེད་ཚེ་རིང་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

1 month ago

༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར། ཞེས་གསལ་བ་ལྟར་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༨ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ།

དེ་ཡང་འཇིགས་མེད་ཚེ་རིང་ལགས་ནི།  ཕྱི་ལོ་ ༡༩༦༧ ཟླ་བ་ ༣ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་འཁྲུངས་ཤིང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༡ ཚེས་ ༣༡ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཐོག་ཀམ་པུ་ཌར་ལས་གཞི་ཁག་དང་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༢ ཟླ་བ་ ༢ ཚེས་ ༤ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༡ ནས་འོས་བསྡུའི་དྲུང་འཕར་དང་འདེམས་ལྷན་གྱི་དྲུང་ཚབ་གཅིག་ལྕོགས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༧ ནས་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེར་བསྐོ་གཞག་གནང་།  ཕྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༡ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེས་འོས་བསྡུ་ལས་ཁང་གི་ལས་འགན་གཅིག་ལྕོགས་གནང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༡༥ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ནང་བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༠ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་། །

Original Article