དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གཞི་དེ་རྒྱལ་ཡོངས་སུ་ལག་བསྟར་བྱེད་རྒྱུའི་དུས་ཚེས་དེ་ཡིན་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ཁྲིམས་གཞི་དེའི་བཙན་གནོན་འོག་སྡུག་སྦྱོང་མནར་གཅོད་ཀྱི་དཀའ་སྡུག་མྱོང་བཞིན་པའི་བོད་མི་གཙོས་རྒྱ་རིགས་མ་ཡིན་པའི་མི་རིགས་གཞན་ཚང་མའི་ཆོས་དང་། རིག་གཞུང་། སྐད་ཡིག་ཙམ་གྱི་མ་ཟད། མིའི་བསམ་བློའི་འདུ་ཤེས་ཀྱི་ཐོག་ནས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་དང་། དེ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཁ་ཉིན་ཕྱི་ཚེས་ ༢༩ ནས་འགོ་འཛུགས་གནང་བའི་འགན་འཛིན་ལྷན་ཚོགས་དེ་དེ་རིང་གནས་སྐབས་མཚམས་འཇོག་གནང་སྟེ། ཛ་དྲག་གི་གནད་དོན་དེ་ལ་གཞིགས་པའི་དེ་རིང་ Uttarakand མངའ་སྡེའི་རྒྱལ་ས་རྡེ་ར་རྡུན་ཁུལ་དུ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེའི་བརྒྱུད་གཞོན་ནུའི་འགན་འཛིན་ལྷན་ཚོགས་དང་ཁུལ་དེའི་མི་མང་རྣམས་ནས་རྒྱ་ནག་གི་ཁྲིམས་གཞི་དེར་ངོ་རྒོལ་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་ནས་ངན་བྱུས་འོག་བཞག་པའི་ཁྲིམས་འགལ་གྱི་སྲིད་བྱུས་དེ་བརྩེ་མེད་ཡོང་ཐབས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ནས་ཛ་དྲག་གི་གནས་བབ་དེའི་ཐད་འགན་འཁུར་བཞེས་དགོས་པ། རྒྱ་དམར་གཞུང་གི་ངོས་ནས་བོད་ནང་བཅའ་སྡོད་སློབ་གྲྭ་གཙོས་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ངེས་པར་དུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད་པ་རེད། གཞི་རྩའི་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་ལོ་ངོ་བཅུ་ཕྲག་གོང་ནས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱས་ཡོད་ཀྱང་། ད་ལྟའི་ཞི་ཅིན་ཕིང་གི་སྲིད་གཞུང་དེའི་འོག་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་གནས་སྟངས་ཛ་དྲག་ཏུ་སོང་ཡོད་པ་མ་ཟད། དེ་རིང་ནས་ལག་བསྟར་བྱེད་རྒྱུའི་ཁྲིམས་གཞི་དེའི་འོག་རྒྱ་ནག་ཙམ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་མི་རིགས་ཁག་ལའང་ཁྲིམས་གཞི་དེའི་ཤུགས་རྐྱེན་ཡོང་རྒྱུར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཛ་དྲག་གི་གནད་དོན་དེའི་ཐོག་རྒྱལ་ཁབ་སོ་སོའི་གཞུང་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཞུ་འབོད་གནང་བཞིན་པ་མ་ཟད། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཀྱང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྣ་ཚོགས་བརྒྱུད་ཛ་དྲག་དཀའ་ངལ་དེ་མྱུར་སྐྱོབ་ཡོང་ཐབས་གནང་བཞིན་ཡོད་པ་རེད།
The post མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྡེ་ར་དྷུན་བོད་མིས་ངོ་རྒོལ། appeared first on vot.




