མདོ་སྨད་ཐོབ་ཁུངས་ཀྱི་བདམས་ཐོན་སྤྱི་འཐུས་སྒུག་ཐོ་དང་པོ་བཀྲ་ཤིས་དོན་གྲུབ་ལགས་ནས་ལས་འཁུར་དམ་འབུལ།

1 month ago

སྐབས་ ༡༨ པའི་མདོ་སྨད་ཐོབ་ཁོངས་ཀྱི་སྤྱི་འཐུས་སྒུག་ཐོ་དང་པོ་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ནས་ལས་འཁུར་དམ་འབུལ་ཞུས་གནང་སོང་། དེ་ཡང་ཟླ་བ་འདིའི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་ཡོད་པ་དང་། གྲོས་ཚོགས་ཚོགས་དུས་དང་པོ་ལས་ཉིན་དང་པོའི་ཐོག་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་དྲུག་བདམས་ཐོན་བྱུང་དང་འབྲེལ། ཚེས་ ༣ ཉིན་བཀའ་བློན་རྣམ་པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་གནང་ཡོད་ཅིང་། བཀའ་བློན་དྲུག་གི་ཁྲོད་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཟུར་པ་པདྨ་མཚོ་མཆོག སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐོག་བཀའ་བློན་དུ་འོས་འདེམས་བྱུང་བར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ གཞིར་བཟུང་སྒུག་ཐོ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས་ཞེས་གསལ་བ་ལྟར་དེ་རིང་ཕྱི་ཟླ་ ༦ ཚེས་ ༨ ཉིན་མདོ་སྨད་ཐོབ་ཁུངས་ནས་སྒུག་ཐོ་དང་པོ་བདམས་ཐོན་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་གནང་སོང་། རྩ་བའི་དམ་འབུལ་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་ཞུགས་གནང་ཡོད་ཅིང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ནི་སྐབས་ ༡༥ དང་ ༡༦ ། ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དེ་རིང་དམ་འབུལ་གྲུབ་མཚམས་འདི་ག་གསར་འགོད་པས་ཁོང་ལ་ལས་ཡུན་རིང་གནང་འཆར་ཇི་ཡོད་སྐོར་དང་ལྷག་པར་ཁོང་བལ་ཡུལ་ནས་ཡིན་སྟབས། བལ་ཡུལ་གྱི་གནད་དོན་དང་འབྲེལ་ནས་ཕྱག་ལས་ག་རེ་གནང་འཆར་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙུགས་པའི་བོད་མི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་རྒྱུ་གོ་སྐབས་བྱུང་བར་བསོད་ནམས་ཆེན་པོ་ཡིན་པའི་ཐུགས་ཚོར་དང་འབྲེལ། བལ་ཡུལ་ནང་གི་བོད་མིའི་གནས་སྟངས་དེ་ནི་ཛ་དྲག་གི་རང་བཞིན་ཞིག་ཆགས་ཀྱི་ཡོད་སྟབས། ཁོང་རང་ཉིད་བོད་མི་མང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་འདས་པའི་ལས་ཡུན་ཁྲོད། ཁུལ་དེར་ཛ་དྲག་གནད་དོན་བྱུང་འཕྲལ་སྤྱི་འཐུས་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པར་སྙན་སེང་ཞུས་ཡོད་ཅིང་དེ་ནི་ལས་འགན་ཞིག་ཡིན་པར་ངོས་འཛིན་དང་། ལྷག་པར་མ་འོངས་པར་བལ་ཡུལ་ནང་གི་བོད་མིའི་དཀའ་ངལ་སེལ་ཆེད་དུ་སྲིད་བྱུས་ཞིག་ངེས་པར་དུ་དགོས་གལ་གཟིགས་ཀྱི་འདུག་ཅེས་གསུངས་སོང་།

The post མདོ་སྨད་ཐོབ་ཁུངས་ཀྱི་བདམས་ཐོན་སྤྱི་འཐུས་སྒུག་ཐོ་དང་པོ་བཀྲ་ཤིས་དོན་གྲུབ་ལགས་ནས་ལས་འཁུར་དམ་འབུལ། appeared first on vot.

Original Article