མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར།

1 month ago

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་ལྟར་ན་མགོ་ལོག་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར་བྱེད་བཞིན་པ་རེད་འདུག དེ་ཡང་མགོ་ལོག་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་དང་ཏང་གི་ཚོགས་མི་ཟུར་པ། རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཟུར་པ་བསྟན་པ་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྒྲིག་འགལ་སོང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག བོད་རིགས་འགོ་ཁྲིད་བསྟན་པ་ནི་ཕྱི་ལོ་ ༡༩༧༡ ལོའི་ཟླ་ ༣ པར་སྐྱེས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་དྲུང་ཆེ། མགོ་ལོག་པདྨ་རྫོང་མི་དམངས་སྨན་ཁང་དུ་སྨན་པའི་ལས་གནས་སུ་ལས་ཀ་བྱེད་བཞིན་པ་རེད་འདུག  རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་རྗེས་ལྐོག་དངུལ་བླངས་བའི་གྱོད་དོན་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ནང་མི་དང་ཉེ་འབྲེལ་ལ་ཐུག་འཕྲད་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག དེའི་ཁྲོད་ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས། ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ལྐོག་རྔན་བླངས་བའི་ནག་ཉེས་ཕོག་རྗེས་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་མ་ཟད། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཀྱིས་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཚབས་ཆེན་གྱི་དམ་འགལ་དང་ཁྲིམས་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་ཡོད་འདུག རྩ་བའི་རྒྱ་ནག་དབུས་གཞུང་གིས་བོད་རིགས་དཔོན་པོ་མང་དག་འཛིན་བཟུང་དང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་མགོ་ལོག་ཁུལ་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་ཞིབ་བཤེར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། གྱོད་དོན་ཞིབ་བཤེར་ཆེད་ཁྲིམས་རའི་ཚོགས་དུས་སོགས་ཁ་གསལ་ཅི་ཡང་མེད་པ་རེད་འདུག

The post མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར། appeared first on vot.

Original Article