༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༠༣ ཉིན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་བཀའ་ཤག་སྐབས་བཅུ་བདུན་པའི་བདམས་ཐོན་བཀའ་བློན་རྣམ་པས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་གནང་རྗེས། སོ་སོའི་ལྷན་ཁང་དུ་ཕེབས་འབྱོར་སྐབས་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་ལྷན་ཁང་སོ་སོའི་ལས་བྱེད་ཚོས་གྲོ་སོ་ཕྱེ་མར་དང་མཇལ་དར་བཅས་སྲོལ་རྒྱུན་གྱི་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། བཀའ་བློན་རྣམ་པའི་ལས་ཡུན་རིང་ལས་དོན་མཐའ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད།དེ་རྗེས་བཀའ་བློན་རྣམ་པས་སོ་སོའི་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་མཇལ་འཕྲད་གནང་སྟེ་ལས་ཁུངས་ཀྱི་ལས་གཞི་འགྲོ་བཞིན་པ་ཁག་དང་། གལ་ཆེའི་དམིགས་ཡུལ། འཛིན་སྐྱོང་གི་ལས་དོན་བཅས་ཀྱི་ཐོག་ཚོགས་འདུ་ཚོགས་ཡོད་ཅིང་། དེའི་བརྒྱུད་བཀའ་བློན་རྣམ་པར་ལས་ཁུངས་ཀྱི་བྱེད་སྒོ་དང་། ལས་འཆར་སྣ་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་དང་ལྷན་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཡོད།
སྐབས་དེར་བཀའ་བློན་རྣམ་པས་ལས་བྱེད་ཚོས་བོད་སྤྱི་དོན་ལ་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཞུས་པ་དང་། དེ་བཞིན་བཀའ་བློན་རྣམ་པས་ལས་ཡུན་རིང་དྲང་བདེན་དང་། ཕྱི་གསལ་ནང་གསལ་ཐོག་ཕྱག་ལས་གནང་རྒྱུའི་དམ་བཅའ་བསྐྱར་ནན་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་དམིགས་ཡུལ་བཅས་མདུན་སྐྱོད་སླད་ནུས་པ་མཉམ་སྤུང་གནང་དགོས་གལ་ཡིན་པ་གསུངས།།





