བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ (ཨ་རིའི་དུས་ཚོད་ལྟར་ན། ཚེས་ ༢ ཕྱི་དྲོ་ཆུ་ཚོད་ ༦ ཡས་མས་སུ་) བོད་དོན་འཐབ་རྩོད་པ་བློ་བཟང་དཔལ་ལྡན་ལགས་ཀྱིས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་བོད་ནང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེན་པོ་གནང་ཡོད་ཅིང་། ཁོང་གི་མཐའ་མའི་ཞལ་ཆེམས་སུ། ཁྱེད་ཚོས་ང་ལ་མྱ་ངན་བྱེད་མི་དགོས། ངའི་རེ་བ་དེ་ཁྱེད་ཚོས་བོད་རང་བཙན་གྱི་འཐབ་རྩོད་འདི་མུ་མཐུད་ནས་རྒྱུན་འཁྱོངས་གནང་རོགས། ཞེས་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་བཏང་སྟེ་མི་རབས་གསར་པ་དང་གཞིས་བྱེས་བོད་མི་ཡོངས་ལ་སྙིང་སྟོབས་བསྐྱེད་པའི་འབོད་སྐུལ་གནང་ཡོད།
དེ་དང་འབྲེལ་ནས། དམ་པ་ཁོང་གི་མཛད་རྗེས་ལ་ཡི་རངས་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར། ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར། བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཁུངས་ཁག་ལས་མཚམས་བཞག་སྟེ། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ཡོངས་འདུས་འཛོམས་ཐོག བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་སོང་ཞིང་། མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་མཆོག་གིས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལ་ངོ་རྒོལ་གནང་བ་ཞིག་ཡིན་པར་གསུངས་ཏེ། དམ་པ་ཁོང་གི་སྙིང་སྟོབས་ལ་གུས་བཀུར་ཞུས་གནང་སོང་།
སྐབས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་གནས་གསལ་བསྒྲགས་དོན་ཚན་གསུམ་ཅན་ཞིག་ཀྱང་གནང་སོང་ཞིང་། དེའི་ནང་།
དང་པོ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་པ་རྩ་མེད་བཟོ་བའི་རྒྱ་ནག་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གནང་མཁན་དཔའ་བོ་བློ་བཟང་དཔལ་ལྡན་ལགས་ལ་མཐའ་གཅིག་ཏུ་གུས་འདུད་དང་། ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ།
གཉིས་པ། དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་བོད་ནང་དངོས་སུ་ལག་བསྟར་གྱིས་བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་ཛ་དྲག་གི་གནས་སྟངས་འདི་རྒྱལ་སྤྱིའི་ཐོག་གསལ་འདོན་བྱེད་རྒྱུར་དམིགས་ཡོད་པ།
གསུམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་དང་། རྒྱ་ནག་གི་དྲག་གནོན་སྲིད་བྱུས་མཚམས་འཇོག་ཆེད་ནུས་པ་ལྡན་པའི་ཕྱག་རོགས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ། དེ་དང་ཆབས་ཅིག རྒྱལ་གཅེས་དཔའ་བོ་ཁོང་གི་མངོན་འདོད་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཞི་བའི་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་པ་དང་། བོད་མིའི་ཚེ་སྲོག་ནི་གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཡིན་པས། མ་འོངས་པར་སྐུ་ལུས་མེར་མཆོད་ལྟ་བུའི་ཐབས་ལམ་མི་བསྟེན་པའི་འབོད་སྐུལ་ཡང་ཞུས་གནང་སོང་། །





