༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་དབུ་བཞུགས་ཐོག་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༢ བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། གསར་དུ་བསྐོ་གཞག་བྱུང་བའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཚོགས་གཙོ་མཆོག་ལ་ངོ་སྤྲོད་ཞུས་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་ཁག་སྤྱན་བསྟར་ཞུས་ཡོད།
འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་བློན་པདྨ་མཚོ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན། ཁོང་རང་ཉིད་བཀའ་བློན་གྱི་ཕྱག་ལས་གནང་ནས་བདུན་ཕྲག་བཞི་འཁོར་ཡོད་པ་དང་། བདུན་ཕྲག་དང་པོའི་ནང་བདེ་ལེགས་སྨན་ཁང་དང་། ལྷ་རྒྱལ་རི་ནད་གསོ་སྐྱོང་ཁང་དུ་གཟིགས་སྐོར་གནང་སྟེ་འབྲེལ་ཡོད་ལས་བྱེད་དང་ནད་པ་རྣམས་ལ་མཇལ་འཕྲད་གནང་ཡོད་སྐོར་དང་། དེ་བཞིན་མ་འོངས་པར་ས་གནས་འཕྲོད་བསྟེན་སྨན་ཁང་དང་། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་སྟེ། དེ་དག་གི་ཕྱག་ལས་གནང་ཕྱོགས་དང་དཀའ་ངལ་ཁག་ལ་རྒྱུས་ལོན་གཏིང་ཟབ་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་ཡོད།
ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༢༧ ནས་ཕྱི་ཟླ་ ༦ ཚེས་ ༢༦ བར་གཏན་ལ་ཕབ་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་བ་དང་ཆབས་ཅིག ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢ ཉིན་འགན་འཛིན་ལྷན་ཚོགས་ཐོག་བཞག་པའི་གྲོས་ཆོད་ཁག་ལག་བསྟར་བྱུང་བའི་སྙན་ཐོ་ཁག་བསྐྱར་ཞིབ་གནང་ཡོད། གཏན་ལ་ཕབ་པའི་གྲོས་ཆོད་ཕལ་མོ་ཆེ་ནི་ལས་བྱེད་བསྐོ་གཞག་དང་། ལས་བྱེད་དགོངས་ཞུ། བར་བརྒལ་བཀའ་འཁྲོལ་གཏན་འབེབས་བཅས་ཀྱི་ཐོག་ཡིན་པ་ཚོགས་མི་ཚོར་གསལ་བཤད་གནང་ཡོད།བགྲོ་གླེང་སྐབས་ད་ལྟ་འཕྲད་བཞིན་པའི་མིའི་ནུས་ཤུགས་སྐྱེད་སྲིང་གི་དཀའ་ངལ་དང་། ལྷག་པར་ཆོད་གན་ཅན་གྱི་སྨན་ཞབས་ལས་བྱེད་ཡང་ཡང་བརྗེ་སྒྱུར་འགྲོ་བཞིན་པའི་གནད་དོན་ཐོག་གླེང་སློང་གནང་ཡོད། ཚོགས་འདུའི་ལས་རིམ་གཞན་ཞིག་ནི་ཆེས་མཐོའི་རྩིས་ཞིབ་པ་ (Chartered Accountant) དང་། ཁྲལ་སློབ་སྟོན་པ་ (Tax Consultant) ཞིག་བསྐོ་གཞག་བྱ་རྒྱུའི་འཆར་གཞིའི་སྐོར་ཡིན། ཚོགས་མི་ཚོས་ཁྲལ་གྱི་གནད་དོན་འཛིན་སྐྱོང་བྱ་རྒྱུ་ཇེ་རྙོག་ཏུ་འགྲོ་བཞིན་པ་དང་། དེའི་ཆེད་དུ་ཆེད་ལས་པའི་རྒྱབ་སྐྱོར་དགོས་གལ་ཆེ་བའི་སྐོར་ལ་བགྲོ་གླེང་གནང་ཡོད། འཕྲོད་བསྟེན་རྩིས་པས་ཞབས་ཞུའི་ཁྱབ་ཁོངས་དང་། གླ་ཆའི་ཚད་གཞི། ལས་གནས་འདི་དག་བསྐོ་གཞག་བྱས་པ་ལས་བྱུང་བའི་རྩིས་ཀྱི་འགྲོ་གྲོན་བཅས་ཀྱི་གནས་སྟངས་སྙན་སྒྲོན་ཞུས་པ་དང་སྦྲགས་ཚོགས་མི་ཚོའི་དྲི་བར་ལན་འདེབས་ཞུས་ཡོད།
དེ་བཞིན་ཧུན་སུར་རབ་རྒྱས་གླིང་དུ་དམིགས་བསལ་དགོས་མཁོ་ཅན་གྱི་སྡོད་གནས་མངོན་དགའ་སློབ་གྲྭའི་ལས་གཞིའི་ཡར་རྒྱས་གནས་སྟངས་སྐོར་ཚོགས་མི་ཚོར་སྙན་སྒྲོན་ཞུས་ཡོད་པ་མ་ཟད། ལྷག་པར་གསར་དུ་བསྐོ་གཞག་བྱུང་བའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཚོགས་གཙོ་མཆོག་ལ་སྤྱན་བསྟར་ཞུས་པ་ཞིག་རེད། གཞན་ཡང་ཐེངས་ ༨ པའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ པའི་ཟླ་མཇུག་ཏུ་ཚོགས་རྒྱུའི་གཏན་འབེབས་གནང་ཡོད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་མཇུག་སྡོམ་དུ་ཚོགས་གཙོ་བཀའ་བློན་པདྨ་མཚོ་མཆོག་གིས་ཚོགས་མི་ཡོངས་ཀྱིས་ལས་འགུལ་ནང་མཉམ་ཞུགས་ཧུར་ཐག་གནང་བ་དང་། རྩ་ཆེའི་དགོངས་འཆར་ལྷུག་པོར་གནང་བ། དེ་བཞིན་མུ་མཐུད་མཉམ་ལས་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད། ཚོགས་འདུ་དེ་བཞིན་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ལེགས་པར་གྲུབ་ཡོད་པ་བཅས། །





