རྒྱ་ནག་གཞུང་གིས་བོད་ནང་གི་དཔོན་རིགས་ཆེ་ཁག་བརྒྱད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་བློ་སེམས་མི་དཀར་བ་དང་ཁྲིམས་འགལ་གྱི་ལས་དོན་གཉེར་ཡོད་ལུགས་བཤད་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་ཕུད་ཀྱིས་ཞིབ་བཤེར་བྱེད་ཀྱིན་འདུག
ཕྱི་ལོ་ ༢༠༡༢ ཙམ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནག་ཉེས་སྣ་ཚོགས་གཡོགས་ནས། ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། འདས་པའི་ཟླ་གཅིག་ལྷག་གི་རིང་། རྒྱ་ནག་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་གཞོན་པ་ཟུར་བ་དང་མགོ་ཁྲིད་ཟུར་བ་བཀྲ་ཤིས་དབང་རྒྱལ་དང་། ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ་ཟུར་བ་དབང་ལྡན། སེར་ཤུལ་རྫོང་གི་རྫོང་དཔོན་གཞོན་པ་ཟུར་བ་ཐུབ་བསྟན་ཚེ་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་ཟུར་བ་སྐལ་བཟང་ཚེ་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་བ་ཚེ་སྒྲུབ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་རྫོང་དཔོན་ཟུར་བ་ཐུབ་པ་སྐྱབས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་རིམ་པ་གཉིས་པའི་ལྟ་ཞིབ་འགན་ཁུར་བ་ཟུར་བ་ཀྲང་ཅ་ཀྲུ་ (张家志) ། དཀར་མཛེས་ཁུལ་ཁྲོམ་རའི་བདེ་དོན་རྟོག་ཞིབ་འགན་ཁུར་བ་ཟུར་བ་ཆོའོ་མིང་ཡོང་(邱明勇) བཅས་ཉུང་མཐར་བོད་ཁུལ་གྱི་དཔོན་རིགས་ཆེ་ཁག་བརྒྱད་རྒྱ་ནག་དམར་ཤོག་ཚོགས་པར་བློ་མི་དཀར་བ་དང་། རྒྱ་ནག་དམར་ཤོག་ཆོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༡༨ དང་། ༡༩།༢༠ བཅས་ཀྱི་དགོངས་དོན་དང་འགལ་ཡོད་ལུགས་སོགས་བཤད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁོངས་ནས་ཕུད་དེ་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག
བཀྲ་ཤིས་དབང་རྒྱལ་ནི་ཕྱི་ལོ་ ༡༩༧༣ ཟླ་ ༩ ནང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༢ ཟླ་ ༧ ནང་ལས་ཀར་ཞུགས་ཏེ།་ཕྱི་ལོ་ ༡༩༩༧ ཟླ ༡༢ ནང་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། དེ་སྔ་ཡུལ་ཤུལ་གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོའི་ལས་གནས་ཁུར། ཕྱི་ཟླ་ ༡༡ ནང་རྒྱ་ནག་དརམ་ཤོག་ཚོགས་པའི་ཁྲིམས་སྒྲིག་ལས་འགལ་ཡོད་ལུགས་བཤད་ནས། རྒྱ་ནག་དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་ཕུད་བྱས།
སྐལ་བཟང་ཚེ་རིང་ནི་ཕྱི་ལོ་ ༡༩༧༣ ལོར་ཀན་སུའུ་ཞིང་ཆེན་གྱི་གཙོས་་གྲོང་ཁྱེར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ཟླ་ ༧ ལས་ཀ་མགོ་བཙུགས་ནས་རྒྱ་ནག་དམར་ཤོགས་ཚོགས་པར་ཞུགས། ཀན་སུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་རྒྱུན་ལས་འཐུས་མི་དང་། གཙོས་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་འཛིན་བཅས་ཀྱི་འགན་བཞེས་མྱོང་། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༤ ཉིན་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་ལུགས་བསྒྲགས་ནས། ད་ལྟ་ཀན་ལྷོ་ཁུལ་ཟེར་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་རྩད་ཞིབ་བྱེད་བཞིན་འདུག
དབང་ལྡན་ནི་ཕྱི་ལོ་ ༡༩༧༥ ཟླ་ ༣ ནང་བོད་དཀར་མཛེས་རྫོང་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༦ ཟླ་ ༧ ལས་ཀ་མགོ་བཙུགས། ཕྱི་ལོ་ ༢༠༠༠ ཟླ་ ༤ པར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་ ༢༠༢༡ ཟླ་ ༡༠ བར་ལི་ཐང་རྫོང་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་འགན་འཛིན་དང་། རྫོང་ཞིང་འབྲོག་དང་ཚན་རྩལ་གྱི་འགན་འཛིན། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ནས་ ༢༠༢༣ ཟླ་ ༣ བར་ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི། ཕྱི་ལོ་ ༢༠༢༣ ཟླ་ ༣ ནས་ད་བར་ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ་སོགས་བྱས།
ཐུབ་བསྟན་ཚེ་རིང་ནི་ཕྱི་ལོ་ ༡༩༧༩ ལོར་བོད་སེར་ཤུལ་རྫོང་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༠ ཟླ་ ༨ པར་ལས་ཀར་ཞུགས་ནས། ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་ ༢༠༠༠ ཟླ་༨ ནས་ ༢༠༠༥ ཟླ་ ༡༢ བར་སེར་ཤུལ་རྫོང་གི་སྲིད་གཞུང་དུ་ལས་དོན་གཉེར། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ནས་ ༢༠༢༡ ཟླ་ ༡༠ བར་སེར་ཤུལ་རྫོང་གི་ཤེས་ལྡན་མི་སྣའི་དོན་གཉེར་ཁང་གི་འགན་འཛིན་གཞོན་པ་དང་རྫོང་དཔོན་གཞོན་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་སོགས་བྱས། ཕྱི་ལོ་ ༢༠༢༢ ཟླ་ ༣ ནས་ད་བར་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་དང་རྫོང་དཔོན་གཞོན་པའི་འགན་ཁུར།
ཐུབ་པ་སྐྱབས་ (图哇甲) ནི་ཕྱི་ལོ་ ༡༩༧༦ ཟླ་ ༡༢ ནང་བོད་ཅོ་ནེའི་ཁོངས་སུ་སྐྱེས། ཕྱི་ལོ་ ༡༩༩༥ ཟླ་ ༨ ནང་ལས་ཀར་ཞུགས་ནས། ཕྱི་ལོ་ ༢༠༠༡ ཟླ་ ༧ པར་རྒྱ་ནག་དམར་ཤོག་ཆོགས་པར་ཞུགས་ནས། བོད་ཐེ་བོ་རྫོང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་ཕུད་ནས་ཞིབ་བཤེར་བྱེད་མགོ་བཙུགས།
ཚེ་སྒྲུབ་ནི་ཕྱི་ལོ་ ༡༩༦༦ ལོར་ཟླ ༡༠ ནང་བོད་རྨ་ཆུ་ནས་ཞིང་། ཁོས་དེ་སྔ་བོད་རྨ་ཆུ་རྫོང་ཁོངས་ཀྱི་རྫོང་དཔོན་དང་དམར་ཤོག་ཚོགས་པའི་ཚོགས་གཙོ། ཀན་ལྷོ་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་སོགས་ཁུར་རྗེས་ཕྱི་ལོ་༢༠༡༧ ཟླ་ ༡༠ ནང་ཏེ་རྒན་ཡོལ་ཞུས། ཕྱི་ལོ་ ༢༠༢༦ ཟླ་ ༡༠ པར། རྒན་ཡོལ་ཞུས་ནས་ལོ་ ༩ ཙམ་སོང་རྗེས། ཁོང་ལ་ཞིབ་བཤེར་བྱེད་མགོ་བཙུགས།
རྒྱ་རིགས་ཀྲང་ཅ་ཀྲུ་ནི་ཕྱི་ལོ་ ༡༩༦༩ ལོར་སི་ཁྲོན་ཞིང་ཆེན་ཁོངས་སུ་སྐྱེས། ཕྱི་ལོ་ ༡༩༩༠ ཟླ་ ༧ པར་ལས་ཀ་མགོ་བཙུགས་ནས། ཕྱི་ལོ་ ༡༩༩༦ ཟླ་ ༦ ནང་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་ ༡༩༩༠ ནས་ ༡༩༩༧ ཟླ་ ༦ བར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚན་པར་ལས་ཀ་གཉེར། ཕྱི་ལོ་ ༡༩༩༧ ཟླ་ ༦ ནས་ ༢༠༠༢ ཟླ་ ༡༠ བར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཚན་པའི་མགོ་ཁྲིད་གཞོན་པ། དྲུང་ཡིག་དང་སྡེ་ཚན་གྱི་འགན་འཛིན་སོགས་བྱས། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ནས་ ༢༠༢༤ ཟླ་ ༦ བར་དར་རྩེ་མདོའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན། འབའ་ཐང་རྫོང་གི་རྫོང་དཔོན་སོགས་བྱས། ཕྱི་ལོ་ ༢༠༢༤ ཟླ་ ༦ ནས་ད་བར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་རིམ་པ་གཉིས་པའི་ལྟ་ཞིབ་འགན་ཁུར་བ་བྱས།
ཆོའོ་མིང་ཡོང་ནི་ཕྱི་ལོ་ ༡༩༧༣ ལོར་སི་ཁྲོན་ཞིང་ཆེན་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ལས་ཀར་ཞུགས་ནས་ཕྱི་ལོ་ ༡༩༩༧ ཟླ་ ༥ པར་རྒྱ་ནག་དམར་ཤོགས་ཚོགས་པར་ཞུགས། ཕྱི་ལོ་ ༡༩༩༢ ཟླ་ ༨ ནས་ ༡༩༩༨ ཟླ་ ༤ བར་དཀར་མཛེས་རྫོང་ཁོངས་ཀྱི་འཕྲོད་བསྟེན་ལས་ཁངས་སུ་ལས་དོན་གཉེར། ཕྱི་ལོ་༡༩༩༨ ཟླ་ ༤ ནས་ ༢༠༢༠ ཟླ་ ༡༠ བར་དཀར་མཛེས་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སོགས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ནས་ ༢༠༢༦ ཟླ་ ༤ བར་དཀར་མཛེས་ཁུལ་གྱི་བདེ་འཇགས་ལྟ་ཞིབ་ཀྱི་འགན་འཛིན་དང་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཀྱི་འགན་འཁུར་བ། རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་དང་རིམ་པ་གསུམ་པའི་ཞིབ་དཔྱོད་པ་ཡིན། ཕྱི་ལོ་༢༠༢༦ ཟླ་ ༤ ནས་ད་བར་དཀར་མཛེས་ཁུལ་ཁྲོམ་རའི་བདེ་དོན་རྟོག་ཞིབ་འགན་ཁུར་བ་སོགས་བྱས།
བོད་རིགས་གཙོས་མི་སྒེར་སུ་ཞིག་རྒྱ་ནག་དམར་ཤོགས་ཚོགས་པའི་སྐྱིད་སྡུག་ཟེར་བར་ཞུགས་སྐབས། རང་མོས་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ། ཏང་གི་རྩ་འཛིན་ལ་བརྩི་བཀུར་དང༌། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང༌། ཏང་ལ་བློ་དཀར་ཟོལ་མེད། ལས་སྒྲུབ་ཧུར་ཐག་བཅས་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་དང༌། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་དགུ་བློས་གཏང་རྒྱུའི་གྲ་སྒྲིག་བྱེད་ཅིང༌། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད། ཅེས་པ་སོགས་ཀྱི་དམ་བཅའ་འཇོག་དགོས་པས། ད་ལྟ་བོད་ནང་གི་རྒྱ་ནག་གཞུང་གི་ལས་བྱེད་མང་པོ་ཞིག་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་མ་ཟད། རང་གི་ནང་མི་ཞིག་འདས་གྲོངས་སུ་གྱུར་ཀྱང་བདུན་ཚིགས་དང་འདས་མཆོད་སྐབས་སུ་མཉམ་ཞུགས་བྱེད་ཆོག་གི་མེད་པའི་ཁར། ཐ་ན་ཕུང་པོ་མེར་སྲེག་གམ་དགོན་པ་སོགས་སུ་དུར་ལས་བྱེད་སྐབས་ཀྱང་མཉམ་ཞུགས་བྱ་ཆོག་གི་མེད་སྟབས། བོད་རིགས་ལས་བྱེད་རྣམས་ལ་ཕྱོགས་མང་པོ་ཞིག་ནས་ལུས་སེམས་ཀྱི་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ། རྒྱལ་ཁབ་ལ་བློ་མི་དཀར་བ། དྲིན་ལན་ལོག་འཇལ། དད་སེམས་ཉམས་པ། ཕུགས་འདུན་བརླག་པ་སོགས་ཀྱི་ཉེས་མིང་བཙུགས་པ། ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་སྐྱོན་བཟོས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཟེར་བའི་ཉེས་མིང་དེ་དག་དམར་ཤོག་གི་ལྟ་བར་འདོད་མོས་མེད་མཁན་གྱི་ཤེས་ཡོན་པའི་སྡེ་དང་ཁོར་ཡུག་སྲུང་སྐྱོབ་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ལ་ཉེས་མིང་གཡོགས་ཏེ་ཚར་གཅོད་བྱས་དང་བྱེད་མུས་ཡིན་པ་རེད།
གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post བོད་ནང་གི་དཔོན་རིགས་ཆེ་གྲས་བརྒྱད་ལ་ཞིབ་བཤེར་བྱེད་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.




