བོད་དོན་རྒྱབ་སྐྱོར་བ་དང་བོད་རིག་པ་བ་སྐུ་ཞབས་ རོ་བྷར་ཊ་ ཐུར་མན་མཆོག་དགོངས་པ་རྫོགས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཐོག་མར་རབ་ཏུ་བྱུང་མཁན་གྱི་ཨ་རི་བ། ཨ་རིའི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ རོ་བྷར་ཊ་ ཐུར་མན་ (Robert A. F. Thurman) མཆོག་དགུང་གྲངས་ ༨༤ ཐོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ ཝུ་ཊེ་སེ་ཊོག་ (Woodstock) ཏུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད།
སྐུ་ཞབས་ཁོང་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་དང་རིག་གཞུང་གི་ཐད་རླབས་ཆེན་གྱི་མཛད་རྗེས་བཞག་མཁན་ཞིག་ཡིན་པ་དང་། ཁོང་གིས་རི་ཆར་ཌི་གྷི་རི་ (Richard Gere) དང་ཕི་ལིཔ་གྷལསི་ (Phillip Glass) བཅས་དང་མཉམ་རུབ་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ཕྱི་ལོ་ ༡༩༨༧ ལོར་ ཨ་རི་བོད་ཁང་ (Tibet House US) གསར་འཛུགས་གནང་། དེ་བརྒྱུད་ཨ་རིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཞིབ་བྱེད་སའི་བསྟི་གནས་གསར་སྐྲུན་དང་། དུས་མཚུངས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཁོང་རང་གི་མི་ཚེའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཕྱག་ལས་རྒྱ་ཆེར་གནང་ཡོད།
དེ་བཞིན་ཁོང་གིས་བརྩམས་པའི་ Why the Dalai Lama Matters (༧གོང་ས་ཏཱ་ལའི་བླ་མའི་གལ་གནད་རང་བཞིན་གང་ལགས་སམ་ )དང་། Man of Peace (ཞི་བདེའི་སྐྱེས་ཆེན་) སོགས་བརྒྱུད་ནས། ༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་བ་དང་ཆབས་ཅིག བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་སྟོན་བྱེད་པའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་གནང་ཡོད་ཅིང་། ཁོང་གི་མཛད་རྗེས་དེ་དག་ལ་ངོས་འཛིན་གྱིས། ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ བདེན་པའི་མེ་ལྕེ་ གཟེངས་རྟགས་འབུལ་བཞེས་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གཞུང་གིས་སྤྱི་དམངས་གཟེངས་རྟགས་ཆེ་ཤོས་ (Padma Shri Award) ཡང་འབུལ་བཞེས་གནང་སྟེ། མདོར་ན། ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་། བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་ནུབ་ཕྱོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པའི་སྐྱེས་ཆེན་ཞིག་ཡིན། །





