བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ ནང་ཁུང་ཙི་སློབ་གསོ་ལག་བསྟར་རྒྱ་ཆེ་བྱེད་བཞིན་པ།

1 month ago

རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གྲྭ་ཟེར་བ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་ཁྲོད་འདིར་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་གཅིག་པུའི་ནང་སློབ་གྲྭ་ ༡༡༠ ཡི་སློབ་མ་ཁྲི་གཉིས་ལྷག་ཡོད་པར་ཁུང་ཙིའི་སློབ་གསོ་སློབ་ཁྲིད་ལག་བསྟར་བྱས་ཡོད་ཅིང་། དེ་ནི་བོད་ནང་ཡོངས་གྲགས་ཐོག་ཁུང་ཙིའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་ཐོག་མར་གྱུར་ཡོད་འདུག དེ་ཡང་བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཀྲུང་ཧཱ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་ཟེར་བའི་མིང་འོག་ནས་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ དང་ལས་ཁུངས་ ༤༥ ནང་དུ་ཁུང་ཙིའི་སློབ་གསོ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག་ལ། སྲིད་ཇུས་དེ་ནི་བོད་པའི་བྱིས་པ་རྣམས་རང་གི་སྐད་ཡིག་དང་ཤེས་ཡོན་སློབ་གསོ་ལས་ཁ་བྲལ་གཏོང་ཐབས་ཤིག་ཡིན་པ་མ་ཟད། དམིགས་བསལ་སློབ་གྲྭ་ཆུང་བ་དང་འབྲིང་བའི་བོད་ཕྲུག་ཚོར་ཆུང་དུས་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་བཀོད་འདུག བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེའི་ནང་ཁུང་ཙིའི་སློབ་གླིང་འཛུགས་དོན་ནི་ཀྲུང་ཧཱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་སྐུལ་ཆེད་བཙུགས་པ་ཡིན་ཟེར་གྱི་ཡོད་པ་ལུང་འདྲེན་གྱིས། དེ་སྔ་བར་རྣམ་གླིང་རྫོང་མ་གཏོགས་བོད་ཀྱི་ས་ཁུལ་གཞན་དུ་ཁུང་ཙིའི་སློབ་གླིང་བཙུགས་མི་འདུག་ཅེས་བརྗོད་འདུག་ལ། མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་མདོ་སྟོད་སྨད་གཉིས་ཀྱི་ནང་དུ་ལག་བསྟར་བྱེད་སྲིད་པའི་སེམས་འཚབ་ཀྱི་རྣམ་པའང་བཏོན་གནང་འདུག ད་དུང་བོད་ཕྲུག་རྣམས་ཁུང་ཙིའི་ཕ་ཡུལ་དུ་ཁྲིད་ནས་སློབ་གསོ་སྤྲད་ཀྱི་ཡོད་པ་དཔེར་ན། ཉེ་ཆར་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་ཆགས་པའི་ལྷོ་ཁ་མཚོ་སྣའི་བོད་ཕྲུག་ ༤༨ རྒྱ་ནག་ཧྲན་ཏུང་ལ་ཡོད་པའི་ཁུང་ཙེའི་ཕ་ཡུལ་ཆུའུ་ཧྥུ་ལ་འཁྲིད་དེ་བོད་ཕྲུག་ཚོར་ས་ཡུལ་དངོས་ནས་རྒྱ་མིའི་གནའ་སྔ་མོའི་ཆས་གོས་གཡོགས་པ་དང་རྒྱ་མི་རིགས་ཀྱི་གོམ་སྲོལ་སློབ་གསོ་སྤྲོད་ཡོད་ལ། ཡང་གཞིས་རྩེ་ནས་ཀྱང་བོད་ཕྲུག་ཁུང་ཙེའི་ཕ་ཡུལ་ཆུའུ་ཧྥུ་ལ་ཁྲིད་ནས་དངོས་སུ་རྒྱ་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་དང་མྱོང་རོལ་བྱེད་འཇུག་གི་ཡོད་འདུག གཞི་རྩའི་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གསོ་ལག་བསྟར་བྱེད་བཞིན་པ་འདི་ནི། དེ་སྔ་བར་བོད་ནང་དུ་ཡོངས་གྲགས་ཀྱི་ཐོག་ནས་ཁུང་ཙིའི་སློབ་གསོ་རྒྱ་ཁྱབ་ཆེན་པོ་སྤེལ་བཞིན་པ་ཐོག་མར་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁུང་ཙི་སློབ་གླིང་བརྒྱུད་ནས་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་རྒྱ་སྐྱེད་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ཆབ་སྲིད་ཁྱབ་སྤེལ་ཀྱི་ལག་ཆར་བཀོལ་སྤྱོད་བྱས་པར་བརྟེན། ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་མང་པོའི་ནང་རྒྱལ་སྲིད་བདེ་འཇགས་དང་སློབ་གསོའི་རང་དབང་སོགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག འདས་པའི་ལོ་འགའི་ནང་རིམ་བཞིན་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་མང་པོ་སྒོ་བརྒྱབ་དགོས་པའི་གནས་སུ་ལྷུང་ཡོད་པ་རེད།

The post བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ ནང་ཁུང་ཙི་སློབ་གསོ་ལག་བསྟར་རྒྱ་ཆེ་བྱེད་བཞིན་པ། appeared first on vot.

Original Article