བོད་ཀྱི་ལོ་རྒྱུས་ནག་སུབ་དང་བསྐྱར་འབྲི་ཡི་བྱ་འགུལ་ལ་གདོང་ལེན་གནང་གལ་ཆེ་བ་ཡིན་པ་གསུངས་འདུག

1 month ago

བོད་པའི་འཐབ་རྩོད་དེ་ནི་ས་ཁུལ་དང་། གཞུང་འཛིན། ཡང་ན་ཆབ་སྲིད་ཀྱི་ཐོབ་ཐང་ཙམ་མ་ཡིན་པར། དེ་ནི་དྲན་པ་དང་། ངོ་བོ། མི་རིགས་ཤིག་གིས་རང་ཉིད་ཀྱི་ལོ་རྒྱུས་བཤད་པའི་ཐོབ་ཐང་བཅས་ཀྱི་ཛ་དྲག་རང་བཞིན་གྱི་འཐབ་རྩོད་ཅིག་ཏུ་གྱུར་ཡོད་པ་གསལ་སྟོན་ཐོག རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚིགས་སྡེ་ཁག་ནས་རྒྱ་གཞུང་གིས་ལོ་རྒྱུས་རྫུན་བཟོ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བརྒྱུད་བོད་ཀྱི་དངོས་ཡོད་ལོ་རྒྱུས་ནག་སུབ་དང་བསྐྱར་འབྲི་ཡི་བྱ་འགུལ་དག་ལ་གདོང་ལེན་གནང་གལ་ཆེ་བ་ཡིན་པ་གསུངས་འདུག དེ་ཡང་ Eurasia Review གསར་ཤོག་ཐོག་ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་སྲུང་ཆེད་མཁས་པ་ Ashu Mann ཨཤྴུ་མཱན་ལགས་ཀྱིས་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་། བོད་མཐོ་སྒང་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཀྱིས་སློབ་གྲྭའི་སློབ་ཚན་རྣམས་རྒྱ་རིགས་ཀྱི་ལྟ་ཚུལ་གཞིར་བཞག་པའི་ལོ་རྒྱུས་དང་། རིག་གཞུང་། རྒྱལ་ཁབ་ཀྱི་ངོ་བོ་བཅས་ལ་སྐུལ་འདེད་བྱེད་པའི་ལམ་ལུགས་དང་མཐུན་པའི་ཐོག་ནས་བསྒྱུར་བཅོས་བྱས་ཏེ། བོད་ཕྲུག་ཚོར་བོད་ཀྱི་ལོ་རྒྱུས་དང་བོད་མིའི་ངོ་བོ། འཕེལ་རྒྱས། དེ་བཞིན་བོད་མི་རིགས་ཀྱི་ཐོབ་ཐང་སོགས་བོད་སྤྱི་ཡོངས་དང་འབྲེལ་བའི་གནས་ཚུལ་དངོས་རྣམས་ཕྱིར་གསལ་འདོན་བྱ་རྒྱུར་འགོག་རྐྱེན་ཆེ་རུ་བཟོས་ཡོད་པ་མངོན་གསལ་གནང་འདུག མ་ཟད་མི་མང་ཁྲོད་དངོས་ཡོད་གནས་ཚུལ་མི་ཤེས་པའི་སྟོང་ཆ་ཆེན་པོ་ཞིག་ཡོད་པ་དེ་རྒྱ་ནག་རང་ཉིད་ཀྱིས་བདེན་མིན་རྫུན་སྒྲིག་བྱས་པའི་གནས་ཚུལ་ཁག་གིས་ཁ་སྐོང་བྱེད་བཞིན་ཡོད་པ་གསལ་སྟོན་དང་སྦྲགས། རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་ཚིགས་སྡེ་ཁག་ནས་རྒྱ་གཞུང་གིས་ལོ་རྒྱུས་རྫུན་བཟོ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བརྒྱུད་བོད་ཀྱི་དངོས་ཡོད་ལོ་རྒྱུས་ནག་སུབ་དང་བསྐྱར་འབྲི་ཡི་བྱ་འགུལ་དག་ལ་གདོང་ལེན་གནང་གལ་ཆེ་བ་ཡིན་པ་གསུངས་འདུག དེ་བཞིན་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ཡར་རྒྱས་གོང་འཕེལ་ནི། རང་གི་དགོས་མཁོ་ལྟར་གནས་ཚུལ་འགྲེལ་བཤད་ལོག་པ་བྱེད་པའི་ནུས་སྟོབས་ཀྱང་ཆེ་རུ་གཏོང་བཞིན་ཡོད་པ་དང་། ལྷག་པར་རྒྱ་གཞུང་གིས་རང་འདོད་ལྟར་རྫུན་བཟོ་བྱས་པའི་གནད་དོན་འདི་རིགས་ལ་གདོང་ལེན་མ་བྱས་ཚེ། ནམ་ཞིག་རྒྱ་མི་རིགས་དང་རྒྱལ་སྤྱིའི་མི་མང་། དེ་བཞིན་མ་འོངས་བོད་ཀྱི་མི་རབས་གསར་པ་བཅས་ཀྱི་བློ་ངོར་དེ་དག་བདེན་པར་འཛིན་ཉེན་ཡོད་སྟབས། བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནས་རྒྱ་གཞུང་གིས་བོད་ཐོག་སྤེལ་བའི་དངོས་ཡོད་མིན་པའི་གནས་ཚུལ་དང་འཁྱོག་བཤད་ཁག་ལ་མུ་མཐུད་གདོང་ལེན་བྱས་ཚེ། བོད་དང་བོད་མིའི་ཐོབ་ཐང་གི་འཐབ་རྩོད་འདི་མུ་མཐུད་རྒྱལ་སྤྱིའི་ཁྲོད་གནས་རྒྱུར་ངེས་པ་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་བརྒལ་བར་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་བཅུག་གིས་བོད་ཕྲུག་ཚོར་ཆབ་སྲིད་རང་བཞིན་ཅན་གྱི་སློབ་ཚན་འཁྲིད་པའི་བརྒྱུད། རང་གི་ཕ་སྐད་དང་ཁ་ཐག་རིང་དུ་གཏོང་བ་དང་། ཆོས་དང་རིག་གཞུང་གི་འབྲེལ་བ་གཅོད་ཐབས་བྱེད་པ། བོད་མིའི་ངོ་བོ་རྒྱ་སྒྱུར་བྱ་ཐབས་བྱེད་བཞིན་པ་མངོན་གསལ་དང་ཆབས་ཅིག བོད་ནང་གི་བོད་མིར་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། སྐད་ཡིག་བཅས་པར་སྦྱོང་རྒྱུའི་གོ་སྐབས་མེད་པའི་ཁྲོད། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ནང་གི་དགོན་པ་དང་རྩ་ཆེ་བའི་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་ཙམ་མིན་པར་དོན་དངོས་ཐོག་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས། དེ་བཞིན་རྩོམ་རིག་བཅས་པར་སྲུང་སྐྱོབ་གནང་དགོས་པ་དང་། རྒྱ་གཞུང་གིས་བོད་མིར་རང་གི་ལོ་རྒྱུས་དང་མཐུན་མིན་གྱི་སྐད་རིག་དང་ཆོས་རིག་བཅས་པར་སྦྱང་བཅུག་རྒྱུའི་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་ཆེད་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག མ་ཟད་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། ཆོས་ལུགས་ཀྱི་རྒྱུན་སྲོལ། རིག་གཞུང་གི་དྲན་པ་བཅས་རང་ཉིད་ཀྱི་འཚོ་བའི་དཔལ་ཡོན་རྒྱ་ཆེར་ཡོད་པ་ངོས་འཛིན་ཐོག བོད་ཀྱི་ལོ་རྒྱུས་བསྐྱར་འབྲི་བྱས་པའི་རྒྱ་གཞུང་གི་ལས་དོན་དག་ལ་གདོང་ལེན་བྱ་རྒྱུ་ནི་འདས་དོན་སྲུང་སྐྱོབ་ཀྱི་གནད་དོན་ཙམ་མ་ཡིན་པར་མིའི་རིགས་ཀྱི་ཆེས་ཁྱད་དུ་འཕགས་པའི་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་ལ་གཞི་རྟེན་འཛུགས་པ་ལྟ་བུ་ཞིག་ཀྱང་སྐོར་ནན་བརྗོད་གནང་འདུག

The post བོད་ཀྱི་ལོ་རྒྱུས་ནག་སུབ་དང་བསྐྱར་འབྲི་ཡི་བྱ་འགུལ་ལ་གདོང་ལེན་གནང་གལ་ཆེ་བ་ཡིན་པ་གསུངས་འདུག appeared first on vot.

Original Article