བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༩ པ་སྲུང་བརྩི་ཞུས་པ།

2 months ago

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༩ པ་སྲུང་བརྩི་ཞུས་པ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་འགྲེམས་སྟོན་ཁང་སྣ་མང་གསར་འཛུགས་བརྒྱུད་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བཤད་བྱེད་བཞིན་པར་ལན་འདེབས་ཀྱི་ཚུལ་དུ་བོད་ཀྱི་འགྲེམས་སྟོན་ཁང་ནས་གཏམ་བཤད་དང་བགྲོ་གླེང་། དུས་དེབ་དབུ་འབྱེད། དེ་བཞིན་སྒྱུ་རྩལ་དང་དཔེ་དེབ། ཅ་དངོས་སོགས་ཚོང་ཟོག་འདྲ་མིན་ཡང་འགྲེམས་སྟོན་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱི་སྒྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་དོན་གཉེར་ཅན་གྱི་མི་མང་། དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་སོགས་མཉམ་བཞུགས་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འགྲེམས་སྟོན་ཁང་གི་གལ་གནད་དང་། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་ཐོག་གཏམ་བཤད་གནང་སོང་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཐབས་ལམ་འདྲ་མིན་བརྒྱུད་བོད་ཀྱི་ལོ་རྒྱུས་ནག་བསུབ་གཏང་ཐབས་བྱེད་ཀྱི་ཡོད་པའི་གནས་སྟངས་དང་། ལྷག་དོན་སྲིད་བྱུས་དང་འཁྱོགས་བཤད་འདྲ་མིན་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་མ་ཟད། གནའ་བཤུལ་འདྲ་མིན་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་འཁྱོགས་བཤད་བྱེད་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་གཏམ་བཤད་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། འགྲེམས་སྟོན་ཁང་གི་གལ་གནད་སྐོར་གསུངས་བ་དང་སྦྲགས། བཙན་བྱོལ་ནང་གི་བོད་མི་ཚོས་ད་ལྟ་བྱུང་བཞིན་པའི་གནས་སྟངས་ཐོག་ལ་འགྲེམས་སྟོན་གནང་དགོས་པ་དང་ད་ལྟའི་ལོ་རྒྱུས་དང་འབྲེལ་བའི་ཅ་དངོས་སོགས་བདག་ཉར་བྱེད་དགོས་པ་མ་ཟད། འདས་པའི་ལོ་རྒྱུས་བྱུང་རབས་ཁོ་ནར་འགྲེམས་སྟོན་གནང་བ་ཙམ་མ་ཡིན་པར་ད་ལྟ་བོད་ཕྱི་ནང་གཉིས་སུ་བྱུང་བཞིན་པའི་གནས་སྟངས་ལ་འགྲེམས་སྟོན་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་ད་ལན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དེ་བཞིན་ཐེངས་ ༣ པ་དེ་ཆགས་ཀྱི་ཡོད་པ་དང་། འདི་ལོའི་བརྗོད་གཞི་ནི་ Museums Uniting a Divided Word ཞེས་འགྲེམས་སྟོན་ཁང་ནས་དུམ་གྱེས་ཀྱི་འཛམ་གླིང་འདིར་མཐུན་འབྲེལ་སྐྲུན་བཞིན་ཡོད་ཅེས་པ་དེ་ཡིན་པ་དང་འབྲེལ། ཁ་སང་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་༸པཎ་ཆེན་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་མཆོག་གཉིས་ཀྱི་པར་རིས་སྟོན་གནང་ཡོད་པ་རེད།

The post བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༩ པ་སྲུང་བརྩི་ཞུས་པ། appeared first on vot.

Original Article