ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དང་། འདས་པའི་ལོ་ངོ་ ༡༣ རིང་གི་བོད་ནང་གི་ཆོས་དད་རང་དབང་སྐོར་གྱི་དམིགས་བསལ་སྙན་ཐོ་བཅས། སྙན་ཐོ་ཁག་གཉིས་ལྟེ་གནས་ཁང་གི་ལས་ཁུངས་སུ་དབུ་འབྱེད་གནང་སྟེ་འདོན་སྤེལ་བྱས་སོང་།
སྙན་ཐོ་དེ་དག་གི་ནང་བོད་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་དམ་དྲག་སྔོག་གཤེར་གྱི་གནས་སྟངས། དེ་ལྟའི་དམ་དྲག་གི་འོག་ནས་མདོ་སྨད་རྨ་ལྷོ་སོག་རྫོང་གཙང་དགོན་པའི་དབུ་འཛིན་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ། བོད་ནང་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་བོད་མི་ ༩༠ ལྷག་སྡེབ་བཟུང་བྱས་པ། རྒྱལ་མཚམས་ལས་བརྒལ་བའི་གནས་ཚུལ་དང་འབྲེལ་ནས་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་དོགས་གཞིའི་འོག་སྐུ་གྲོངས་པ། དམིགས་བསལ་དུ་རྒྱ་གཞུང་གིས་བོད་མི་རིགས་བཙན་བསྒྱུར་གྱི་ལས་འགུལ་དང་ཁྲིམས་ཐོག་ནས་ལག་བསྟར་བྱེད་བཞིན་པ་སོགས་འཁོད་འདུག དེ་མཚུངས་སྲིད་འཛིན་ཞི་ཅིན་ཕིང་གི་ལོ་ངོ་ ༡༣ རིང་གི་སྲིད་དབང་འོག ཆབ་སྲིད་སློབ་གསོ་དང་རྒྱ་ཡིག་བཙན་ཁྲིད་སོགས་ལས་འགུལ་ཆེན་པོ་ལྔ་བརྒྱུད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཏེ་དགོན་སྡེ་ཁག་ལ་དམ་དྲག་དང་། གྲྭ་བཙུན་འཛིན་བཟུང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ར་སྤྲོད་གསལ་སྟོན་བྱས་འདུག །





