༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ་ཉིན་སྤྲོད་དཔང་བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་དབུ་བཞུགས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྲོད་དཔང་འཇིགས་མེད་ཚེ་རིང་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཟུར་པ་ཀརྨ་ཆོས་དབྱིངས་ལགས། དྲུང་ཆེ་གསར་པ་ཀརྨ་རིན་ཆེན་ལགས་བཅས་ལྷན་འཛོམས་ཀྱིས་དྲུང་ཆེ་གསར་རྙིང་བར་ལ་ཕྱི་དྲིལ་ལས་ཁུངས་ཀྱི་བདག་དབང་དུ་ཡོད་པའི་ཡིག་ཆ་ཁག་དང་། ཅ་དངོས། རྩིས་ཁྲ་བཅས་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་གསར་རྙིང་རྣམ་གཉིས་ལ་རིམ་བཞིན་མགུལ་དར་ཕུལ་ཡོད།།ཀརྨ་རིན་ཆེན་ལགས་ནི། ཕྱི་ལོ་ ༡༩༧༢ ཟླ་བ་ ༢ ཚེས་ ༧ ཉིན་ལ་དྭགས་ལྕོག་ལམ་གསར་གཞིས་ཆགས་སུ་འཁྲུངས་ཤིང་། འཛིན་རིམ་བཅུ་པ་བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་རྗེས། ཕྱི་ལོ་ ༡༩༩༡ ལོར་སིམ་ལ་གཏན་སློབ་ནས་སློབ་ཐོན་གནང་། ཕྱི་ལོ་ ༡༩༩༤ བར་ཅནྜི་གྷར་མཐོ་སློབ་ཏུ་ས་ཁམས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་བཞག་གནང་། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༥ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༥ ཟླ་བ་ ༢ ཚེས་ ༡༩ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༢ ཟླ་བ་ ༢ ཚེས་ ༩ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་ཡོད། དྲུང་ཆེ་ཀརྨ་རིན་ཆེན་ལགས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་མིའི་ལས་ཁུར་གནང་དང་གནང་མུས་ཡིན་པ་བཅས། །





