ཁ་སང་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་མོ་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ས་སྐྱ་བརྩེ་ཆེན་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་བསྟུན། ཚོགས་པ་དེའི་ཚོགས་ཁང་ཡོད་སའི་མདུན་གྱི་སྲང་ལམ་ 63 Street དེ་བཞིན་ Sakya Tsechen Way འམ་ས་སྐྱ་བརྩེ་ཆེན་སྲང་ལམ་ཞེས་མིང་བསྒྱུར་གྱིས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་སྐུ་མགྲོན་རྣམས་ནས་དབུ་འབྱེད་གནང་འདུག ཁ་སང་སྲང་ལམ་མིང་བསྒྱུར་གྱི་དབུ་འབྱེད་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུས་པའི་ས་སྐྱ་གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས། ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ Julie Won ལགས། དེ་བཞིན་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་སོགས་ལྷན་འཛོམས་ཀྱིས་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་འདུག མཛད་སྒོའི་ཁྲོད་བརྩེ་ཆེན་ཚོགས་པའི་ཚོགས་གཞོན་ཟུར་པ་ངག་དབང་དར་རྒྱས་ལགས་ཀྱིས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆོས་བརྒྱུད་སོགས་གང་སྤྱིའི་ཐད་ནས་ཕན་ཚུན་འཆམ་མཐུན་དགོས་གལ་ཡིན་པ་འགྲེལ་བརྗོད་ཀྱིས། མིང་བསྒྱུར་བྱས་པའི་སྲང་ལམ་དེ་བཞིན་ལྕམ་སྐུ་ Julie Won ལགས་ཀྱིས་དེ་སྔ་ཇི་ལྟར་ཁས་ལེན་གནང་བ་གཞིར་བཟུང་དངོས་སུ་ལག་བསྟར་གནང་སོང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག ལྷག་པར་དུ་མཛད་སྒོའི་ཁྲོད་ནིའུ་ཡོག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ Julie Won ལགས་ཀྱིས། ས་སྐྱ་བརྩེ་ཆེན་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་ཐོག་དགའ་བསུ་ཞུས་པ་དང་སྦྲགས། ལོ་རྒྱུས་རང་བཞིན་གྱི་མིང་བསྒྱུར་བྱས་པའི་སྲང་ལམ་འདིའི་བརྒྱུད་འགྲོ་འོང་བྱེད་མཁན་ནིའུ་ཡོག་གྲོང་ཁྱེར་མི་མང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་ཆེ་བསྟོད་ཀྱིས་དོ་སྣང་སླེབས་ངེས་ཡིན་པ་དང་། ས་སྐྱ་བརྩེ་ཆེན་གྱི་ལོ་རྒྱུས་ཀྱང་ཤེས་འདོད་འབྱུང་ངེས་ཡིན་པ་གསུངས་འདུག ལྕམ་སྐུ་ཁོང་གིས་ད་དུང་། སྲང་ལམ་མིང་བསྒྱུར་གྱི་བརྒྱུད་རིམ་འདིའི་ནང་ཨ་རིའི་སྲིད་གཞུང་ནང་ཕྱག་ལས་གནང་མཁན་བོད་མི་མང་དག་ཅིག་གིས་ཕྱར་གྲུ་མཉམ་འདེགས་གནང་ཡོད་པ་གསུངས་པ་མ་ཟད། ད་ལྟའི་ཆར་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་ཀྱི་ལོ་གསར་ཉིན་མོ་དེ་ཡང་གཞུང་འབྲེལ་གྱི་གུང་སེང་དུ་སྲུང་བརྩི་གནང་གི་ཡོད་པ་དང་། དེ་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ནང་པའི་དུས་ཆེན་གཞུང་འབྲེལ་གྱི་གུང་སེང་དུ་སྲུང་བརྩི་གནང་བ་ཐོག་མ་དེ་ཆགས་ཡོད་པ་གསལ་འདོན་གནང་འདུག རྩ་བའི་ས་སྐྱ་བརྩེ་ཆེན་ཚོགས་པ་འདི་བཞིན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་ཏུ་ས་སྐྱ་པའི་ཆོས་བརྒྱུད་རྒྱུན་འཛིན་གཙོས། རིག་གཞུང་གཅེས་འཛིན་དང་། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་། སྤྱི་ལོ་ ༢༠༡༣ ལོར་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་བྱང་ཨ་རི་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན་ནས་ཚོགས་པ་འདི་རྒྱ་བསྐྱེད་གནང་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་ཀྱིས་ཐོག་མའི་ཆར་རྒྱུན་ལས་ཉེར་གཅིག་བྱུང་ཡོད་པ་མ་ཟད། གཞུང་ལ་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན་པ་རེད། ཚོགས་པ་འདིའི་ནང་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡིའི་བོད་རིགས་བཅས་ཚོགས་མི་ཆིག་སྟོང་ལས་བརྒལ་བ་བྱུང་ཡོད་ཀྱང་ད་ལྟའི་ཆར་དངོས་སུ་དེབ་སྐྱེལ་ཟིན་པའི་ཚོགས་མི་ལྔ་བརྒྱ་ལྷག་ཙམ་ཡོད་པ་དང་། ཚོགས་པ་འདིའི་ནང་སེར་སྐྱ་དང་ཆོལ་ཁ་དབྱེར་མེད། མི་རིགས་དང་ཆོས་བརྒྱུད་དབྱེར་མེད། མདོར་ན་ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་དུ་གནས་སྡོད་ས་སྐྱ་པའི་ཆོས་ཀྱི་རྗེས་འབྲངས་པ་གཙོས་པའི་ས་སྐྱ་༸གོང་མ་ཁྲི་ཆཻན་རྡོ་འཆང་མཆོག་ལ་དད་གུས་དོ་སྣང་ཅན་སུ་འདྲ་ཞིག་འཛུལ་ཞུགས་ཆོག་གི་ཡོད་པ་རེད་འདུག ་
The post ནིའུ་ཡོག་གྲོང་ཁྱེར་ནང་དུ་ས་སྐྱ་བརྩེ་ཆེན་ཞེས་པའི་སྲང་ལམ་ཞིག་དབུ་འབྱེད་གནང་འདུག appeared first on vot.





