ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་འཚམས་གཟིགས་བསྐྱངས།

1 week ago

 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས། ནང་སྲིད་བྱང་ཤར་ཚན་པའི་འགན་འཛིན་དབུ་མ་འཕྲིན་ལས་ལགས་བཅས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ནས་ ༡༩ བར་རྒྱ་གར་འབྲས་ལྗོངས་དང་། ནུབ་བངྒཱལ་མངའ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་བསྐྱངས་དང་སྐྱོང་མུས་ཡིན།

དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་བྷག་གྲོ་ར་གནམ་ཐང་ནས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་འབྱོར་རྗེས་ས་གནས་འགོ་འཛིན་ལས་ཁུངས་སུ་འཚམས་གཟིགས་དང་། ལས་བྱེད་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་སྲི་ཞུ་སྒྲུབ་ཕྱོགས་ཐད་ལམ་སྟོན་གསུང་བཤད་གནང་།ཕྱི་ཚེས་ ༣ ཉིན་གྲུབ་ཟིན་པའི་འཛུགས་སྐྲུན་ལས་གཞི་གཞིས་གྲོང་ ༤ པའི་སྤྱི་ཁང་དང་། ས་གནས་མཉམ་འབྲེལ་བཟོ་གྲྭ། དེ་བཞིན་ཀུན་ཕན་གླིང་གི་མི་མང་ཚོགས་ཁང་བཅས་དབུ་འབྱེད་གནང་རྗེས་མི་མང་ཚོགས་ཁང་དུ་ས་གནས་མི་མང་ལ་རྣམས་ལ་གསུང་བཤད་གནང་སྟེ། དྲི་བ་ཁག་ལ་བཀའ་ལན་གསལ་བཤད་ཞིབ་ཕྲ་གནང་།

ཉིན་རྒྱབ་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་། གནས་ལུང་དགོན་པ། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་ལས་ཁུངས། ཡན་ལག་སྨན་རྩིས་ཁང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། ས་གནས་དྭང་ཟུར་ཚོགས་ཁང་། ས་འཐུས་ཚོགས་ཁང་། སཾ་བྷོ་ཊ་ཉིན་མོའི་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་།ཕྱི་ཚེས་ ༤ ཉིན་སྔ་དྲོ་ཏི་མི་ཇ་ཞིང་དང་བཟོ་གྲྭར་འཚམས་གཟིགས་བསྐྱངས་ཏེ་ཇ་ལོ་སྐམ་པོ་བཟོ་སྦྱོར་བྱེད་སྟངས་དང་། བཟོ་གྲྭའི་སྔ་ཕྱིའི་ལོ་རྒྱུས་ལ་ཐུགས་ཞིབ་གནང་རྗེས་ཁྱབ་ཁོངས་དགོན་པ་དཔལ་དགོན་ཆོས་གླིང་དུ་འཚམས་གཟིགས་དང་། ༧རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་། 

ཉིན་རྒྱབ་ར་ཝང་ལ་ཀུན་ཕན་གླིང་གི་ཉེ་འཁྲིས་སུ་གནས་པའི་ཏཱ་ཐ་ག་ཏའི་ཚལ་དུ་གནས་གཟིགས་སུ་ཕེབས་ཏེ་ས་གནས་དཔོན་རིགས་དང་ལྷན་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་དང་། ཁྱིམ་སྡོད་མགྲོན་ཁང་འཛུགས་ཕྱོགས་ཐད་ཇི་དགེའི་བཀའ་བསྡུར་གནང་།

དེ་ཉིན་དགོང་དྲོ་ས་གནས་གྲོས་ཚོགས་འཐུས་མི་རིག་ཤལ་རྡོ་རྗེ་བྷོ་ཊི་ཡ་ལགས་ནས་ཇི་ལྟར་མགྲོན་འབོད་གནང་བ་ལྟར་དགོང་དྲོའི་གསོལ་ཚིགས་ལ་ཆེད་བཅར་གྱིས་མཇལ་འཕྲད་དང་བཞུགས་མོལ་གནང་།ཕྱི་ཉིན་སྟེ། ཕྱི་ཚེས་ ༥ སྔ་དྲོ་ཀུན་ཕན་གླིང་གཞིས་ཆགས་ནས་སྒང་ཏོག་ཏུ་ཕེབས། ཕྱི་ཚེས་ ༦ ཉིན་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་སྒང་ཏོག་ཚོགས་སྐྱིད་ཁག་གི་ཆེད་དུ་འབྲས་ལྗོངས་མངའ་སྡེ་གཞུང་ནས་སྣ་མང་གོ་ཆོད་སྤྱི་ཁང་ཞིག་གསར་རྒྱག་ཟིན་པ་དེའི་དབུ་འབྱེད་མཛད་སྒོ་དང་སྟབས་བསྟུན་སྲུང་བརྩི་ཞུ་གཏན་འཁེལ་ཡོད་པ་དང་། ཇི་ལྟར་མགྲོན་འབོད་གནང་དོན་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་ཆེད་བཅར་གྱིས་མཛད་སྒོར་བཅར་བཞུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འཚམས་འཕྲིན་སྒྲོགས་སྦྱང་གནང་བ་དང་། གསར་འགོད་པའི་བཅར་འདྲིར་བཀའ་ལན་གནང་།         དེ་རྗེས་སྒང་ཏོག་ཚོགས་སྐྱིད་ཁག་གི་འཁྲུངས་སྐར་ཉིན་གྱི་སྡོད་གུར་ཡོངས་ལ་ཆེད་ཕེབས་ཀྱིས་འཚམེས་འདྲི་གནང་།ཕྱི་ཚེས་ ༧ ཉིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་དང་། གོ་སྟོན་གོ་སྒྲིག་ཚོགས་ཆུང་། ཚོགས་པ་ལྔའི་སྐྱིད་སྡུག་བཅས་ནས་གོ་སྒྲིག་གནང་བའི་༧རྒྱལ་བའི་གོ་སྟོན་དང་། བྱམས་བརྩེའི་ལོ་འཁོར་སྲུང་བརྩིའི་མཇུག་སྒྲིལ་མཛད་སྒོར་ཇི་ལྟར་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། ས་གནས་ཀྱི་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་མཇུག་སྒྲིལ་གྱི་གསལ་བསྒྲགས་བསྐྱངས།

ཕྱི་ཚེས་ ༧ ཉིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་དང་། གོ་སྟོན་གོ་སྒྲིག་ཚོགས་ཆུང་། ཚོགས་པ་ལྔའི་སྐྱིད་སྡུག་བཅས་ནས་གོ་སྒྲིག་གནང་བའི་༧རྒྱལ་བའི་གོ་སྟོན་དང་། བྱམས་བརྩེའི་ལོ་འཁོར་སྲུང་བརྩིའི་མཇུག་སྒྲིལ་མཛད་སྒོར་ཇི་ལྟར་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། ས་གནས་ཀྱི་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་མཇུག་སྒྲིལ་གྱི་གསལ་བསྒྲགས་བསྐྱངས། །

Original Article