༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུར། ཞེས་གསལ་བ་ལྟར་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཉི་འོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༨ དམ་ཡིག་ཆ་གྲུབ་མཚམས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ།
དེ་ཡང་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཕྱི་ལོ་ ༢༠༠༣ ཟླ་བ་ ༠༢ ཚེས་ ༡༡ ཉིན་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་གིས་དྷ་ས་ས་འགོ་ལས་ཁུངས་དང་ཧིན་བོད་མཛའ་ཚོགས་ཀྱི་དྲུང་ཡིག་ཏུ་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་ ༢༠༠༣ ཟླ་བ་ ༠༨ ཚེས་ ༣༠ ཉིན་དྲུང་ལས་གནས་རིམ་དུ་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༢ ཚེས་ ༡༧ ནས་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༡ ཚེས་ ༢༠ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༡ ཚེས་ ༢༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༩ ཚེས་ ༠༩ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར།
ཕྱི་ལོ་ ༢༠༡༧ ཟླ་བ་ ༠༡ ཚེས་ ༠༡ ནས་ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༨ ཚེས་ ༡༧ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༢༤ ཟླ་བ ༡༢ ཚེས་ ༠༢ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༩ ཉིན་ཉི་འོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་བཅས། །





