ཕྱི་ལོ་ ༢༠༢༦ ལོའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་ ༣༧ པ་དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་འཛམ་གླིང་ས་ཕྱོགས་གང་ས་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་དང་གཙོ་བོ་ཨ་རིར་གནས་སྡོད་བྱེད་མཁན་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་སྣེ་ཁྲིད་བྱེད་བཞིན་པའི་ལས་འགུལ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་འདུག འདི་ག་གསར་ཁང་གིས་འབྲེལ་ཡོད་བརྒྱུད་ནས་བོད་ནང་གི་བོད་པ་ཚོས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་ ༣༧ པའི་སྐོར་བསམ་ཚུལ་དྲིས་སྐབས། དེང་སང་བོད་ཁུལ་གང་སར་དཔལ་འབྱོར་གྱི་ལས་རིགས་ཤུགས་ཆེན་པོ་དར་བའི་རྐྱེན་གྱིས་ཆབ་སྲིད་སྐོར་ལ་དོ་སྣང་བྱེད་མཁན་ཉུང་དུ་སོང་ཡོད་པ་དང་། ན་གཞོན་ཚོས་དྲུག་བཞིའི་དོན་རྐྱེན་ཟེར་བའི་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་འདི་རྩ་བ་ནས་ཤེས་ཀྱི་མེད་པ་གང་ལྟར་ཡང་། ཁོང་ནས་དུས་རྒྱུན་དུ་དོན་རྐྱེན་དེའི་འོག་ཏུ་ཤོར་བའི་ཉམ་ཆུང་གི་ཚེ་སྲོག་དེ་དག་ལ་སྨོན་ལམ་རྒྱག་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་། འབྲེལ་ཡོད་གཞན་ཞིག་གིས། ལོ་རྒྱུས་ཁྲོད་དུ་ནམ་ཡང་ཡལ་མི་སྲིད་པའི་འདས་དོན་དེའི་སྐོར་ཁོང་ཡོད་སའི་ཁོར་ཡུག་ཏུ་ཕྱིར་དྲན་དང་གླེང་སློང་མི་ཆོག་པས་དེའི་སྐོར་གླེང་རྒྱུ་མིན་ཅེས་འགྲེལ་བརྗོད་གནང་གི་འདུག དྲུག་བཞིའི་དོན་རྐྱེན་སྐབས་དངོས་སུ་མཐོང་ཐོས་མྱོང་མཁན་ད་ལྟ་བཙན་བྱོལ་དུ་ཡོད་མཁན་ཞིག་ནས་སྐབས་དེ་དུས་ཀྱི་སྣང་བརྙན་སྐོར་འགྲེལ་བརྗོད་གནང་དོན་དུ། སྐབས་དེར་ཁོང་ལོ་ཉི་ཤུའི་ནང་དུ་ཡོད་པ་དང་པེ་ཅིང་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པ་དང་། དྲུག་བཞིའི་དོན་རྐྱེན་ (Tiananmen Square Protests and Massacre ) ནི་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༤ པ་ནས་ཟླ་ ༦ ཚེས་ ༤ བར་དུ་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེ་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ཏུ་བྱུང་བའི་སློབ་ཕྲུག་དང་། ཤེས་ཡོན་པ། མི་དམངས་བཅས་ཀྱི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་ཡིན་པ་མ་ཟད། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་བསྒྱུར་བཅོས་དང་། གཞུང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ། གསར་འགོད་རང་དབང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལེགས་བཅོས་བཅས་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་། ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ ཚེས་ ༣ དང་ ༤ ཉིན་གྱི་མཚན་མོར། རྒྱ་ནག་གཞུང་གིས་དམག་དཔུང་བཏང་ནས་ལས་འགུལ་དེ་དམ་དྲག་གིས་མཐར་སྐྱེལ་བྱས་ཡོད་པ་དང་། དེའི་རྐྱེན་གྱིས་སློབ་ཕྲུག་གཙོས་རྒྱ་ནག་གི་མི་མང་པོ་ཤི་བ་དང་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཤི་རྨས་ཀྱི་གྲངས་ཀ་ངེས་གཏན་མེད་ནའང་། སྤྱིར་བཏང་མི་བརྒྱ་ཕྲག་ནས་སྟོང་ཕྲག་འགའ་ཤས་བར་ཡིན་སྲིད་ཅེས་བརྗོད་སོང་ལ། སྐབས་དེར་ཡུལ་དངོས་དེ་ཐོག་མར་མིག་གིས་མཐོང་སྐབས་གནད་དོན་ཅི་ཞིག་གི་སྐོར་ཡིན་མིན་གསལ་པོ་ཤེས་མ་སོང་ཡང་། ཕྱིས་སུ་དགེ་རྒན་དང་སློབ་གྲོགས་རྒན་པ་ཚོས་འགྲེལ་བཤད་བྱས་རྗེས་གསལ་པོ་ཤེས་རྟོགས་བྱུང་བ་དང་། ཤེས་ཡོན་ལྡན་པའི་སློབ་ཕྲུག་ཚོས་ལས་འགུལ་སྤེལ་སྟངས་དང་ཚེ་སྲོག་གིས་མང་གཙོའི་ལམ་ལུགས་གསར་སྐྲུན་བྱེད་བཞིན་པ་མཐོང་སྐབས་སེམས་ནང་སྤོབས་པ་དང་ཡིད་སྨོན་སྐྱེས་སོང་བ་མ་ཟད། སྐབས་དེར་ཁོང་དང་མཉམ་དུ་བོད་པ་བཅུ་གྲངས་ཤིག་ཡོད་པ་དང་རྗེས་སུ་ཁོ་ཚོ་ལའང་ཆབ་སྲིད་ཀྱི་ནག་ཉེས་ཕོག་ཡོད་པ་འགྲེལ་བརྗོད་གནང་སོང་།
The post དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་ ༣༧ པ་དང་བོད་ནང་གི་བོད་པའི་བསམ་ཚུལ། appeared first on vot.





