དབྱར་དུས་བོད་ཀྱི་རིག་གཞུང་གོ་རྟོགས་ལས་གཞི་ཐེངས་ ༥ ལེགས་པར་མཇུག་སྒྲིལ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༦ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དབྱར་དུས་བོད་ཀྱི་རིག་གཞུང་གོ་རྟོགས་ལས་གཞི་ཐེངས་ ༥ ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། འདས་པའི་མི་ལོ་ ༦༠ ལྷག་རིང་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་མི་རབས་གོང་མ་རྣམས་ཀྱི་སྐུ་ངལ་ལ་བརྟེན་ནས་ང་ཚོ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་རྒྱ་ནག་ནང་ཇི་ཙམ་གཏོར་གཤིགས་གཏོང་བཞིན་ཡོད་ཀྱང་བཙན་བྱོལ་ནང་མི་ཉམས་རྒྱུན་འཛིན་ལེགས་པར་གནང་ཐུབ་ཡོད་པ་དང་། ད་ལྟའི་མི་རབས་ཚོས་ཀྱང་མུ་འཐུད་རྒྱུན་འཛིན་ཐུབ་ཐབས་སུ་སློབ་སྦྱོང་ཡག་པོ་གནང་དགོས་པའི་སྐོར་། ལྷག་པར་ཕྱིའི་མི་རིགས་ཚོས་དགའ་མོས་དང་བསྔགས་བརྗོད་བྱེད་ཡུལ་དུ་འགྱུར་བའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་དེ་རང་བརྒྱུད་ལ་ངེས་པར་དུ་དགོས་པའི་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ས་གནས་བདུན་ཙམ་ནས་སློབ་ཕྲུག་ ༢༡ ནས་མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་སློབ་ཕྲུག་ ༥ སློབ་གྲྭའི་གུང་སེང་རྫོགས་པའི་རྐྱེན་གྱིས་མཉམ་ཞུགས་མུ་འཐུད་གནང་ཐུབ་མེད་པས་དེ་མིན་སློབ་ཕྲུག་ ༡༦ མཉམ་ཞུགས་ལེགས་པར་གནང་ཡོད། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་དང་བལ་ཡུལ་ཁུལ་གྱི་སྒེར་གྱི་སློབ་གྲྭ་འགྲིམ་བཞིན་པའི་བོད་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་བོད་མིའི་ངོ་བོ་དང་། རྩ་དོན། སྤྱི་ཚོགས་སོགས་ཀྱི་སྐོར་ཤེས་རྟོགས་ཡོང་ཐབས་དང་། དེའི་བརྒྱུད་ནས་བོད་མིའི་སྤྱི་ཚོགས་སྤྱི་ལ་འབྲེལ་ཐག་ཉེ་པོ་ཡོང་ཐབས་ཆེད་ཡིན། དུས་ཡུན་ཉིན་གྲངས་ ༡༤ རིང་ཟབ་སྦྱོང་འདིའི་ནང་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་། ནང་པའི་ལྟ་གྲུབ་ངོ་སྤྲོད། སཱི་ཤེས་ཡོན་སློབ་གསོ། བཙན་བྱོལ་བོད་མའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན་སྐོར་གོ་རྟོགས་དང་། དེ་བཞིན་ཆོས་སྡེ་དང་རིག་གཞུང་བསྟི་གནས་ཁག་དུ་ཤེས་ཡོན་སྐོར་བསྐྱོད་སོགས་གནང་གི་ཡོད། །




