དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་བ།

1 month ago

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་ཁང་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་སི་པི་མེག་གྷོ་ཝན་ (James P. McGovern) ལགས་ཀྱི་ལས་བྱེད་རྒན་པ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་རྣམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ལས་དོན་ཐོག་ལ་སྙན་སེང་ཞུས་པ་དང་འབྲེལ། ད་ལྟ་འགྲོ་བཞིན་པའི་ཞུ་གཏུག་གི་ལས་འགུལ་དང་། སྲིད་བྱུས་ཀྱི་རིམ་པའི་ཐོག་བོད་དོན་གོང་འཕེལ་གཏོང་ཐབས་བཅས་ཀྱི་ཐོག་གྲོས་བསྡུར་གནང་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་བསྟི་གནས་ཀེ་པི་ཊོལ་ཧིལ་དུ་ཆབ་སྲིད་དང་། ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ལས་གཞི་ཚོགས་ཆུང་ ( House Appropriations Subcommittee on State, Foreign Operations, and Related Programs (SFOPS)) གི་ལས་བྱེད་སྐུ་ཞབས་ཇེ་མི་མེག་ཀོར་མིག་ (Jamie McCormick) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་དངུལ་རྩིས་དང་། བློ་འཚབ་ཆེ་བའི་གནད་དོན། མ་དངུལ་གྱི་གནད་དོན་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགོ་ཁྲིད་རྣམས་དང་ལྷན་གནས་ཚུལ་རྒྱང་བསྒྲགས་ཐོག་གི་འབད་བརྩོན་དང་། རྒྱ་ཆེའི་བོད་མི་དང་འབྲེལ་མཐུད། བོད་དང་ས་ཁུལ་གཞན་དུ་གནས་ཚུལ་རང་དབང་ངང་ཁྱབ་སྤེལ་བྱ་རྒྱུའི་གལ་ཆེའི་རང་བཞིན་ཐོག་གླེང་སློང་གནང་ཡོད།།

Original Article