དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ ༢༠༠༠ གླེང་སྟེགས་ཐེངས་ ༣༠ ཐོག་མཉམ་ཞུགས་གནང་བ།

3 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཕེབས་འབྱོར་གྱིས་ ༢༠༠༠ གླེང་སྟེགས་ཐེངས་ ༣༠ ཐོག་ཕེབས་ཞུགས་གནང་ཡོད།  

༢༠༠༠ གླེང་སྟེགས་ཐེངས་ ༣༠ དེ་བཞིན་ Reimagining the Power of the Powerless ཞེས་པའི་བརྗོད་གཞིའི་ཐོག་བསྐོང་ཚོགས་གནང་ཡོད་ཅིང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་གླེང་སྟེགས་འགོ་འཛུགས་གནང་མཁན་དམ་པ་ཝ་ཁེ་ལེབ་ ཧ་ཝེལ་ (Václav Havel) མཆོག་དགུང་གྲངས་ ༩༠ ཕེབས་པའི་དུས་དྲན་གྱི་ཉིན་མོ་ཡང་ཡིན། གླེང་སྟེགས་ཐོག་ཆབ་སྲིད་ཀྱི་དབུ་ཁྲིད་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། ཤེས་ཡོན་ཅན། གསར་འགོད་པ། སྤྱི་དམངས་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་ཀྱིས་སྲིད་དབང་སྒེར་གཅོད་ཇེ་ཆེར་འགྲོ་བཞིན་པ་དང་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག འཕྲུལ་ཆས་ཀྱི་འགྲན་སློང་བཅས་ཀྱི་དུས་སྐབས་སུ་མང་གཙོའི་སྤྱི་ཚོགས་འདི་ཉིད་སྲ་བརྟན་ཇི་ལྟར་གཏོང་དགོས་མིན་ཐོག་དཔྱད་ཞིབ་གནང་ཡོད། ཕྱི་ལོ་ ༡༩༩༧ ལོར་དམ་པ་ཧ་ཝེལ་མཆོག་གིས་འགོ་འཛུགས་གནང་བའི་ ༢༠༠༠ གླེང་སྟེགས་འདི་ཉིད་ལོ་ངོ་སུམ་བཅུའི་རིང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་འགན་ཁུར་བཅས་ཀྱི་ཐོག་བགྲོ་གླེང་བྱེད་སའི་རྒྱལ་སྤྱིའི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་དམ་པ་ཁོང་ཉིད་ཀྱི་ཤུལ་བཞག་མུ་མཐུད་འཛིན་སྐྱོང་བྱེད་བཞིན་ཡོད། ཉིན་དང་པོའི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་པ་རག་ (Prague Congress Centre) ཞེས་པའི་བསྟི་གནས་ཁང་དུ་ ༢༠༠༠ གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པལ་ (Jakub Klepal) ལགས་དང་མཇལ་མོལ་གནང་སྟེ། རྒྱ་ནག་གིས་བོད་ནང་བྱ་སྤྱོད་འདྲ་མིན་སྤེལ་ཏེ་མུ་མཐུད་བཙན་གནོན་བྱེད་མུས་ཡིན་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ཨ་རི་གཞུང་དང་འབྲེལ་བ་བཅས་ཀྱི་ཐོག་བཀའ་བསྡུར་གནང་ཡོད། མཇལ་འཕྲད་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་གི་མང་གཙོའི་གཞུང་ (Democratic Government in Exile or in a Contested Position: Sharing Lessons, Enhancing Cooperation) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད། སྐབས་དེར་བཙན་བྱོལ་གཞུང་ཁག་གི་ཉམས་མྱོང་དང་དཀའ་ངལ་ཁག་ལ་བསམ་ཚུལ་བརྗེ་ལེན་དང་། མང་གཙོའི་རིན་ཐང་གོང་འཕེལ་དང་མཉམ་ལས་ཇེ་ཆེར་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་པའི་གོ་སྐབས་བསྐྲུན་ཡོད། གོང་ཚེས་ཉིན་གྱི་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་ ༢༠༠༠ གླེང་སྟེགས་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆེད་ཕེབས་ཀྱིས་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། འདིའི་ཁྲོད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མེ་ལོ་སི་ (Miloš Vystrčil) མཆོག་དང་། ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་གཞོན་པ་སྐུ་ཞབས་ཆུང་ལུ་ (Yeh – Chung Lu) ལགས། སྦེལ་ལ་རུ་སི་ (Belarus) ཁ་གཏད་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སི་ཝེ་ཏྲེ་ལ་ཎ་སི་ཁ་ནོ་སི་ཁཱ་ཡཱ་ (Sviatlana Tsikhanouskaya) ལགས་བཅས་དང་མཇལ་འཕྲད་གནང་ཡོད།

མཛད་སྒོའི་སྐབས་ ༢༠༠༠ གླེང་སྟེགས་ཀྱི་སྙིང་སྟོབས་དང་འགན་ཁུར་གྱི་རྒྱལ་སྤྱིའི་གཟེངས་རྟགས་ (International Award for Courage and Responsibility) འདི་ཉིད་འབར་མ་ཡི་ General Strike Coordination Body (GSCB) ཞེས་པ་དང་། གཞོན་ནུའི་ལས་འགུལ་གྱི་འགོ་ཁྲིད་ཏེ་ཛར་སན་ (Tayzar San) ལགས། ནན་ལིན་ (Nan Lin) ལགས། ཧད་མྱཊ་ཨོང་ (Htet Myat Aung) ལགས་བཅས་ལ་འབུལ་བཞེས་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་གཟེངས་རྟགས་ཐོབ་མཁན་རྣམས་ལ་འཚམས་འདྲི་དང་སྦྲགས། ཁོང་རྣམ་པས་མང་གཙོ་དང་། གཞི་རྩའི་རང་དབང་། འགྲོ་བ་མིའ་ིཐོབ་ཐང་བཅས་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཆེ་བསྟོད་ཞུས་ཡོད་པ་བཅས། །

Original Article