དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གི་ཧོན་སུར་རབ་རྒྱས་གླིང་དུ་འཚམས་གཟིགས་ལེགས་པར་གྲུབ།

2 hours ago

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༥ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་གི་དགོན་སྡེ་ལ་གནས་གཟིགས་དང་། འཕྲོད་བསྟེན་ཉམ་ཐག་རྣམས་ལ་ཐུག་འཕྲད། དེ་བཞིན་མང་ཚོགས་ལ་ཐུག་འཕྲད་ཀྱིས་གསུང་བཤད་བཅས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་གྱི་ཐོག་མར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་བསྟུན། མཆོད་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་ཞིང་། ས་གནས་འགོ་འཛིན་ནས་འཚམས་འདྲི་ཞུས་པ་དང་སྦྲགས་གཞིས་ཆགས་ཀྱི་ས་ཁྱོན་དང་ད་ལྟའི་མི་འབོར་གནས་སྟངས་སོགས་ཞིབ་ཕྲ་སྙན་སྒྲོན་ཞུས་པ་དང་། དཔལ་ལྡན་བཀའ་བློན་མཆོག་གི་ངོ་སྤྲོད་ལོ་རྒྱུས་སྒྲོགས་སྦྱང་ཞུས་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་བཀའ་ཤག་དང་སྒེར་གྱི་ངོས་ནས་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༡༩༧༢ ལོར་ས་གནས་འདིར་གཞིས་ཆགས་པ་ནས་ད་བར་སློབ་གྲྭ་དང་། དགོན་སྡེ། གཞིས་ཆགས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ལམ་ལུགས་སྲོལ་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་དགའ་ཚོར་དང་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་པ། བོད་མི་རྣམས་ས་གནས་འདིར་སླེབས་སྐབས་ས་སྦར་མོ་གང་ཙམ་ཡང་མེད་ཀྱང་དུས་ད་ལྟ་མཐུན་རྐྱེན་ཚང་མ་འཛོམས་པ་དེ་ལྟ་བུ་ས་གནས་ཡུལ་མི་ལ་ཡང་མེད་པ་དེ་དག་ཚང་མ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་གཞིས་ཆགས་འདིའི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན་བྱུང་བ་ཡིན་པས། ད་ཆ་ཁྲ་རུག་རུག་ཐོག་འཛོམས་རྒྱུ་ཡོད་པ་དང་། འཚོ་བ་ཕུན་གསུམ་ཚོགས་པ། ཆོས་དང་རིག་གཞུང་སྐད་ཡིག ཚོགས་སྡེ། སྤྱི་ཚོགས་ཆ་ཚང་བ་ཡོད་པས་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུ་ཡིན་སྐོར་གསུངས།དེ་ནས་བཀའ་ཤག་སྐབས་ ༡༧ པའི་མ་འོངས་ཕྱག་ལས་གནང་ཕྱོགས་དང་། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལ་འབྲེལ་བ་ཞུ་ཕྱོགས། དགའ་ལྡན་ཕོ་བྲང་ལ་འབྲེལ་བ་ཞུ་ཕྱོགས། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ཕྱག་ལས་གནང་ཕྱོགས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་། ལྷག་པར་བོད་ནང་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཛ་དྲག་གནས་སྟངས་ལ་བརྟེན་ནས། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་སྲིད་བྱུས་གཏན་འབེབས་ཞུས་པའི་ཐོག་ནས། བོད་མིའི་འདུས་སྡོད་གཞིས་ཆགས་དང་དོན་གཅོད་ཁག་ནང་ཡིག་ངག་གཉིས་ཐོག་ནས་བལྟ་རྒྱུ་དང་ཀློག་རྒྱུ། ཉན་རྒྱུ་ཡོད་པ་བཟོས་ཡོད་སྐོར་གསུངས།

དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་མ་འོངས་ལོ་ལྔའི་འཆར་གཞི་དང་ལས་དོན་བྱེད་ཕྱོགས་གང་འདྲ་ཡིན་མིན་སོགས་ནི་མང་ཚོགས་ཚང་མར་གོ་རྟོགས་ཡོད་པའི་གནས་སྟངས་ཤིག་ཡིན་པས། ཟླ་ཤས་ནང་ལས་དོན་དེ་དག་ཚར་བའི་རྗེས་བཀའ་བློན་རྣམ་པ་ཁྱབ་ཁོངས་ས་གནས་ཁག་ལ་ཕེབས་རྒྱུ་གཏན་འཁེལ་བ་ལྟར། སྦིར་སྡེ་ནང་གསུམ་ལ་ཕེབས་ཟིན་པ་དང་། ད་ལྟའི་ཆར་ཆོས་དང་རིག་གཞུང་གི་ལྟེ་གནས་ཆེ་ཤོས་སུ་གྱུར་པ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་འཕྲོད་བསྟེན་སྨན་ཁང་དང་། དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། དགོན་སྡེ་ཁག་གི་སྨན་ཁང་། རྒས་གསོ་ཁང་བཅས་ཀྱི་གནས་སྟངས་རྒྱུས་ལོན་དང་། མ་འོངས་ཡར་རྒྱས་གཏོང་དགོས་པ་ཇི་ཡོད། ལས་བྱེད་ཀྱི་གནས་སྟངས་སོགས་ལ་རྟོག་ཞིབ་ཞུ་རྒྱུ་དང་། ཕྱོགས་མཚུངས་ལྷན་ཁང་གཞན་ཁག་དང་འབྲེལ་བའི་ལས་དོན་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ཇི་ཡོད་བཅས་ཀྱི་གནས་སྟངས་རྟོག་ཞིབ་གནང་རྒྱུ་ཡིན་པ་གསུངས།ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ནས་འགྲོ་གྲོན་མང་པོ་བཏང་སྟེ་ས་གནས་སུ་ལས་བྱེད་བསྐོ་གཞག་དང་། ས་གནས་མི་མང་གི་འཕྲོད་བསྟེན། བོད་ཀྱི་ཆོས་དང་རིག་གཞུང་། འཚོ་བའི་ཐོག་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད་པ་བཞིན་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་དེར་དགའ་ཚོར་དང་སྤོབས་པ་ཡོད་སྐོར་དང་། ས་གནས་དགོན་སྡེ་ཁག་ནས་དུས་ནས་དུས་སུ་གཞིས་མི་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་གནང་བཞིན་ཡོད་པ་དེས་ཧ་ཅང་ཕན་ཐོགས་དང་ཡག་པོ་ཡིན་པར་བཀའ་དྲིན་ཆེ་ཞེས་གསུངས།

བོད་ནང་ད་ལོ་ཕྱི་ཟླ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་། བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུའི་ཁྲིམས་སྒྲིག་བཟོས་ཟིན་པར་སོང་། ང་ཚོས་བོད་སྐད་གཙང་མ་བསྐྱོན་དགོས་པ་དང་བུ་ཕྲུག་རྣམས་ལ་བོད་སྐད་གཙང་མ་ཤོད་དགོས་པ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ནང་ཁུལ་སྐད་ཡིག་གཞན་བེད་སྤྱོད་གཏོང་དགོས་བྱུང་ན་ངོ་ཚ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ། བོད་མིའི་སྒྲིག་འཛུགས་ནས་ཉེ་ཆར་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་ལམ་སྟོན་ཞིག་གསལ་བསྒྲགས་གནང་ཡོད་པ་དེ་བཞིན། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་བདུན་ཕྲག་འདིའི་ནང་སྲུང་བརྩི་ཞུས་ཡོད་པའི་སྐོར་སོགས་གསུངས།འཕྲོད་བསྟེན་དང་འབྲེལ་བའི་སྐོར་གསུང་དོན། འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུའི་སྐབས་ནད་གཞི་ཁག་གཅིག་ཟུར་འདོན་གྱིས། རྒྱག་ནད་དང་། འགོས་མིན་ནད་གཞི་སྟེ། ཟས་སྤྱོད་ལམ་ལུགས་དང་འབྲེལ་བའི་ནད་གཞིར་སྟངས་འཛིན་དང་གོ་རྟོགས་སྤེལ་དགོས་པ་སོགས་གྲོས་གཞི་གྲོས་ཆོད་བཞག་ཡོད་པ། འཕྲོད་བསྟེན་སྲིད་བྱུས་གཏན་འབེབས་ཆེད་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་ཟུར་འཛུགས་གནང་ཡོད་པ་དང་། ཟླ་དྲུག་ནང་སྲིད་ཇུས་གཏན་འབེབས་གནང་སྟེ་ཁྱབ་འགྲེམས་ཞུ་རྒྱུ་ཡིན་སྐོར་གསུངས།

འཕྲོད་བསྟེན་ལས་ཁུངས་ནས་འཐུང་ཆུ་དང་། གསང་སྤྱོད། ཆུ་མཛོད་སོགས་ལ་རོགས་རམ་གནང་དང་གནང་མུས་ཡིན་པ། ད་ལྟའི་ཆར་ས་འོག་ཆུ་དེ་ཉུང་དུ་འགྲོ་བཞིན་ཡོད་སྟབས་ཆར་ཆུ་གསོག་འཇོག་ཐོག་དོ་སྣང་གནང་དགོས་པ་དང་། མངའ་སྡེ་གཞུང་ནས་རོགས་སྐྱོར་ཞུ་ལམ་ཡོད་མེད་གཟིགས་དགོས་པ། ཕྱོགས་མཚུངས་ཆུ་མཛོད་གསར་རྒྱག་སྐབས་ལོ་དུས་དང་། ཉམས་གསོ། གཙང་བཟོ་ནམ་བྱས་བཅས་ཀྱི་ཚེས་གྲངས་འགོད་དགོས་པ་སོགས་ལམ་སྟོན་གནང་།དེ་བཞིན་ས་གནས་སུ་གད་སྙིགས་གཡུག་ཕྱོགས་ཐད་ཁྱིམ་ཚང་རེ་རེ་ནས་འགན་འཁུར་གྱིས་གད་སྙིགས་དབྱེ་སེལ་གནང་ན། ལས་དོན་དེའི་ཆེད་ལས་བྱེད་འཕར་མ་བསྐོ་གཞག་དགོས་གལ་མེད་པ་བཅས་ཀྱི་གསུང་བཤད་གནང་གྲུབ་མཚམས་མི་མང་གི་དྲི་བར་ལན་འདེབས་གནང་།

ཉིན་རྒྱབ་ས་གནས་དགོན་སྡེ་ཁག་ལ་མཆོད་མཇལ་དང་སྦྲགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་སུ་ཡོད་པའི་ཉམ་ཐག་རོགས་རམ་གྱི་ཨང་ཐོབ་ཅན་རྣམས་ལ་ཐུག་འཕྲད་གནང་ཡོད་པ་དང་། ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ལ་རྟོག་ཞིབ་དང་། འཕྲོད་བསྟེན་སྨན་ཁང་ནས་སྨན་དུས་ཐོག་རག་གི་ཡོད་མེད་སོགས་བཀའ་འདྲི་གནང་། དེ་རྗེས་ས་གནས་གད་སྙིགས་གཡུག་སར་རྟོག་ཞིབ་ཆེད་ཕེབས་ཡོད།ཕྱི་ཚེས་ ༦ དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྒན་པ་རྣམས་ཀྱི་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་། ས་གནས་འགོ་འཛིན་ལས་ཁང་། མཉམ་འབྲེལ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། དམག་ཟུར་ལས་ཁུངས་བཅས་ལ་གཟིགས་སྐོར་ཕེབས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༠༠ ཐོག་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྒན་པ་རྣམས་ཀྱི་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་འབྲེལ་བའི་ས་གནས་ཀྱི་ཚོགས་ཆུང་དང་ལྷན་ཚོགས་འདུ་ཚོགས་ཡོད་ཅིང་། སྐབས་དེར་དཔལ་ལྡན་བཀའ་བློན་མཆོག་གིས་ཚོགས་འདུ་འདི་སྐོང་དགོས་པའི་རྒྱུ་མཚན་སོགས་གསུང་བཤད་གནང་བ་དང་། ལས་གཞི་ལྟ་རྟོག་པའི་ཚོགས་ཆུང་ངོས་ནས་ལས་གཞིའི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད།

དེ་ནས་ཆུ་ཚོད་ ༡༠:༠༠ པའི་ཐོག་ལས་གཞིའི་སྦྱིན་བདག་བཀྲ་ཤིས་ (Tashi Albertini) ལགས་དང་། བོགས་ལེན་པ་ཚེ་རིང་བཀྲ་ཤིས་ཤཱཀྱ་ (K.R Construction) ལགས་དང་ཁོང་གི་ལས་རོགས། ས་གནས་འགོ་འཛིན། ལས་དྲུང་། སྨན་ཁང་འགན་འཛིན། ལས་གཞི་ལྟ་རྟོག་པ་བཅས་དང་ལྷན་དུ་ཚོགས་འདུ་ཚོགས་ཡོད། སྐབས་དེར་དཔལ་ལྡན་བཀའ་བློན་མཆོག་གིས་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་སྦྱིན་བདག་ལ་མཇལ་དར་དང་ཕྱག་རྟགས་ཕུལ་གནང་བ་དང་། དེ་བཞིན་བོགས་ལེན་པ་དང་ལས་གཞི་ལྟ་རྟོག་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཇལ་དར་ཕུལ་ཡོད།

དེ་རྗེས་ལས་གཞི་འགྲོ་བཞིན་པའི་ས་ཁུལ་དེར་དངོས་སུ་རྟོག་ཞིབ་ཆེད་ཕེབས་ཡོད་ཅིང་། སྐབས་དེར་བོགས་ལེན་པ་རིན་པོ་ཆེ་མཆོག་ནས་འཛུགས་སྐྲུན་འགྲོ་བཞིན་པའི་ཁང་མིག་སོགས་ངོ་སྤྲོད་གནང་བ་དང་སྦྲགས་ལས་གཞི་དང་འབྲེལ་བའི་གནད་དོན་སྐོར་སྙན་སེང་ཞུས། དེ་ནས་དཔལ་ལྡན་བཀའ་བློན་མཆོག་དང་སྦྱིན་བདག་བཅས་ནས་གསར་རྒྱག་གནང་བཞིན་པའི་ལས་ཁུངས་ཀྱི་སྒོར་རྟེན་འབྲེལ་མཚོན་སླད་མཇལ་དར་སྒྲོན་འཛུགས་གནང་ཡོད།

ཉིན་རྒྱབ་དཔལ་ལྡན་བཀའ་བློན་མཆོག་ས་གནས་འགོ་འཛིན་ལས་ཁང་དང་། མཉམ་འབྲེལ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། དམག་ཟུར་བཅས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་ཡོད། ས་གནས་མཉམ་འབྲེལ་ལས་ཁུངས་སུ་ཕེབས་སྐབས་རྟེན་འབྲེལ་མཚོན་ཆེད་དཔལ་ལྡན་བཀའ་བློན་མཆོག་ནས་ཨ་འབྲས་ཤིང་སྡོང་ཞིག་འདེབས་འཛུགས་གནང་བ་དང་། སྐབས་དེར་མཉམ་འབྲེལ་དྲུང་ཆེ་ནས་ས་གནས་མཉམ་འབྲེལ་གྱི་ལྕགས་ཤོག་བཟོ་གྲྭ་དང་། འཕྲུལ་རྨོས་སྡེ་ཚན། ཆུ་ཚགས་ལས་འཆར་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།

ཕྱི་དྲོ་ཆུ་ཚོད་ ༤:༠༠ ཐོག་ཧོན་སུར་རབ་རྒྱས་གླིང་ཁུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་སྟེ་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས།།

 

Original Article