ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་དྲུག་པ་ལེགས་པར་གྲུབ།

8 hours ago

ཕྱི་ལོ་༢༠༢༦ཟླ་༧ཚེས་༡༩ཉིན།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་སྡོད་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོགཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་པོ་ཐེངས་དྲུག་པ་ཚོགས་འདུག སྐབས་དེར་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་མཁན་པོ།དགེ་བཤེས།དགེ་འདུན་པ།རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་བཅས་ཁྱོན་དགེ་འདུན་པ་ཉིས་བརྒྱ་ཡས་མན་དང་།ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དབུས་པའི་བོད་རིགས་སྤུན་ཟླ་རྣམ་པ།ཐའེ་ཝན་གྱི་ས་ཆ་གང་ས་ནས་ཕེབས་པའི་དད་ལྡན་མི་མང་རྣམ་པ་བཅས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ཙམ་ལྷན་ཞུགས་གནང་འདུག ཐེངས་འདིའི་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སྐོར།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར།ཁོང་གིས་སྤྱིར་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དང་།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་དང་ཕྲིན་ལས་སྐུལ་རྒྱུ་ནི།རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་མི་རིགས།རིག་གནས་བཅས་པ་ལ་གནད་འགག་ཆེན་པོ་ཆགས་ཡོད་པ་སྐོར་གསུངས་བྱུང་། དེ་ཡང་ཐོག་མར་དུས་རབས་བརྒྱད་པའི་ནང་དུ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་དུ་གདན་དྲངས།བོད་ཡུལ་གངས་ཅན་གྱི་ལྗོངས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་གུ་རུ་རིན་པོ་ཆེའི་ཕྲིན་ལས་ཐོག་མར་དབུ་བརྙེས།བོད་ཀྱི་ཆོས་འབྱུང་ཕལ་ཆེར་ནང་དུ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་སངས་རྒྱས་བསྟན་པའི་དབུ་བརྙེས།བཙན་པོ་སྲོང་བཙན་གྱིས་སངས་རྒྱས་བསྟན་པའི་སྲོལ་གཏོད།བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད་ཅེས་གསུངས་པ་ལྟར།བཙན་པོ་ཁྲི་སྲོང་གི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི།གུ་རུ་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་རླབས་ཆགས་ཡོད་ཅེས་དང་། བོད་ཀྱི་ས་དགེ་ས་བཀའ་རྙིང་ཀྱི་བསྟན་པའི་བདག་པོ་མང་པོས་གུ་རུ་རིན་པོ་ཆེའི་རྣམ་འཕྲུལ་ཡིན་པ་བོད་ཀྱི་ཆོས་འབྱུང་དང་རྣམ་ཐར་མང་པོའི་ནང་དུ་གསུངས་ཡོད་པ་དང་།བར་དུ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ།བོད་ཀྱི་སྐྱེ་འགྲོའི་བདེ་སྐྱིད་དོན་དུ་སློབ་དཔོན་རིན་པོ་ཆེ་ལ་གསོལ་འདེབས་ཕྲིན་ལས་སྐུལ་རྒྱུ་སོགས་དགོས་པ་ཆེན་པོར་གཟིགས་ཏེ།བོད་ཀྱི་རྒྱལ་སའི་ལྷ་སའི་རྩེ་པོ་ཏ་ལ་དང་བསམ་ཡས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་མང་པོར་བྱང་གཏེར་ཆོ་གའི་སྒོ་ནས་ཚོགས་དང་སྒྲུབ་པ་སོགས་བཙུགས་ཡོད་ཅེས་དང་། ཉེ་བའི་དུས་རབས་ཀྱི་ནང་དུ་རིས་མེད་བསྟན་པ་ཡོངས་རྫོགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་།འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐས་ཡས།གཏེར་ཆེན་མཆོག་གྱུར་གླིང་པ།གསང་བདག་བློ་གཏེར་དབང་པོ་སོགས་ཀྱིས་མཛད་པའི་གུ་རུ་རིན་པོ་ཆེ་དང་འབྲེལ་བའི་གསུང་ཐོར་བུ་སོགས་ལ་མཇལ་ན།བོད་བརྒྱུད་ནང་པའི་བསྟན་པ་དང་གུ་རུ་རིན་པོ་ཆེའི་ཕྲིན་ལས་གཉིས་འབྲལ་ཐབས་མེད་པ་ཡིན་པས་གུ་རུ་རིན་པོ་ཆེའི་ཐུགས་རྗེ་སྐུལ་རྒྱུ་གལ་ཆེ་ཡིན་པའི་སྐོར་ཡང་ཡང་གསུངས་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་ཀྱང་<བོད་ས་མ་ཤོར་བའི་སྔོན་དུ་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་བོད་བསྟན་སྲིད་དོན་དུ་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིར་གུ་རུ་རིན་པོ་ཆེའི་སྐུ་བཞེངས་ཐུབ་ན་>ཞེས་གསུངས་ཡོད།དེའི་རྟེན་འབྲེལ་ལ་གཟིགས་ནས་བཙན་བྱོལ་དུ་ཞབས་གསོལ་འཁོད་མ་ཐག་ཏུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་གྱི་གཙོ་བོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ལུང་བསྟན་ལྟར།གུ་རུ་རིན་པོ་ཆེའི་སྐུ་སྤུས་ལེགས་གསར་བཞེངས་གནང་བ་མ་ཟད།བཞུགས་སྒར་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དབུ་བཙུགས་ནས་ད་ལྟའི་ཆར་འཛམ་གླིང་གང་སར་བོད་རིགས་གནས་སྡོད་མང་ཆེ་བ་ལ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཚོགས་དང་ཚོགས་མུས་སུ་ཡིན་པ་སྟེ།རྒྱུ་མཚན་འདི་དག་བརྟེན་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐའེ་སྡོད་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ལོ་ཤས་སྔོན་ནས་གུ་རུའི་འབུམ་ཚོགས་ཆེན་མོ་དབུ་འཛུགས་ཞུས་ཏེ།ཕྱི་ལོ་༢༠༢༦འདི་ལོར་གུ་རུའི་འབུམ་ཚོགས་ཐེངས་དྲུག་པ་ཆགས་ཀྱི་ཡོད་ཅེས་གསུང་སོང་། བོད་བརྒྱུད་རིས་མེད་ཆོས་བརྒྱུད་ཀྱི་དགེ་འདུན་མང་པོ་མཉམ་ཞུགས་དང་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་ཚོགས་མཆོད་ཀྱི་དགོས་དམིགས་སྐོར་ལ།ཁོང་གིས་རྒྱལ་བསྟན་སྤྱིར་དང་བྱེ་བྲག་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།དེ་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་མཆོག་གི་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཡུན་ཏུ་བརྟན་པ།དེ་དག་གི་ནུས་མཐུ་ལ་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་བ།ལྷག་པར་དུ་གནས་ཡུལ་ཐའེ་ཝན་རྒྱལ་ཁབ་འདི་དང་།ཡང་སྒོས་སུ་དེང་གི་ཆར་བོད་ཕྱི་ནང་གཉིས་ཀའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པས་འདི་དག་ལ་ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་མྱུར་དུ་ཞི་སྟེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་ཐུགས་སྨོན་གནང་རྒྱུ་དང་།  དེའི་སྟེང་དུ་བྱང་གཏེར་གྱི་ཚོགས་འདི་ཐེག་པ་ཆེན་པོའི་ཆོས་སྐོར་དང་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་ཞིག་ཡིན་སྟབས།ཆོ་གའི་གསུང་མཁན་ཚོར་སྔོན་འགྲོ་ཀུན་སློང་ངེས་འབྱུང་དང་བྱང་ཆུབ་སེམས་བསྐྱེད་རྒྱུ་དང་།བར་དུ་དངོས་གཞི་དམིགས་མེད་ཀྱི་ལྟ་བ།མཇུག་ཏུ་བསྔོ་བ་དང་སྨོན་ལམ་བཅས་སྦྱོར་དངོས་རྗེས་གསུམ་ཚང་དགོས་རྒྱུའི་གལ་ཆེ་ཡིན་པའི་སྐོར་སོགས་གསུངས་སོང་།

The post ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་དྲུག་པ་ལེགས་པར་གྲུབ། appeared first on བོད་ཀྱི་བང་ཆེན།.

Original Article