ཆོས་རིག་ལས་ཁུངས་ནས་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་གོ་སྒྲིག་གནང་བ།

1 month ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༡༢ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་རིག་གཞུང་བསྟི་གནས་སོགས་ཚོགས་སྒེར་ཁག་ ༡༨ ཙམ་གདན་ཞུའི་ཐོག་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་རྣམ་གཉིས་ཕེབས་བཞུགས་ཀྱིས་དབུ་འབྱེད་དང་འབྲེལ། བོད་ཀྱི་སྲོལ་རྒྱུན་གྱི་གྱོན་གོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་དེང་གི་རི་མོ་དང་། ཐང་ཀ རྡོ་རྐོས། ཤིང་རྐོས། ཡིག་རྩལ། རྡུལ་མཚོན་དཀྱིལ་འཁོར། རུམ་གདན་དང་ལག་ཤེས་ཐོན་རྫས། དེ་བཞིན་བོད་སྨན་བརྟག་དཔྱད། དཔེ་དེབ་སོགས་ཀྱི་འགྲེམས་སྟོན་དང་ཚོང་འགྲེམས་ཞུས་པ་ཁག་ལ་གཟིགས་སྐོར་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་འགྲེམས་སྟོན་དང་འབྲེལ་ནས་གསུང་དོན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་རྒྱ་བསྐྱེད་ཀྱིས་བོད་ཀྱི་བྱིས་པ་ལོ་ན་བཞི་ནས་བཅོ་བརྒྱད་བར་བཙན་འཇུག་བྱས་པ་དང་། བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་རྩ་གཏོར་གཏོང་བཞིན་པའི་གནས་སྟངས་ཁྲོད་བཙན་བྱོལ་དུ་བོད་ཀྱི་བཟོ་རིག་གི་སྒྱུ་རྩལ་ཉར་ཚགས་ཙམ་མ་ཟད། བོད་ཀྱི་གཞོན་སྐྱེས་ཚོའི་རྒྱུད་ལ་བག་ཆགས་འཇོག་ཐུབ་པ། རྒྱལ་སྤྱིའི་སྟེང་བོད་ཀྱི་སྒྱུ་རྩལ་དེ་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་ཐོབ་པར་ཞུ་གཏུག་བྱ་དགོས་གལ་ཡིན་པ་ནན་བརྗོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ངོས་ནས་འགྲེམས་སྟོན་འདི་ལྟ་བུ་གོ་སྒྲིག་གནང་བ་ནི་དུས་ལ་འཚམ་པ་ཞིག་དང་། མ་འོངས་པར་རྒྱ་གར་གྱི་རྒྱལ་ས་དང་གྲོང་ཁྱེར་ཁག་ཏུ་བོད་མི་རིགས་ཀྱི་རིག་གཞུང་དྲིལ་བསྒྲགས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་དགོས་གལ་ཡིན་པ་གསུངས།ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་དེ་བཞིན་ཉིན་གྲངས་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་བཟོ་རིག་དང་འབྲེལ་བའི་སྒེར་དང་ཚོགས་པ་ཁག་གི་སྒྱུ་རྩལ་བ་ཚོར་རྒྱབ་སྐྱོར་དང་། གདེང་སྤོབས་བསྐྲུན་རྒྱུ་ཡིན་པ་རེད། ཐེངས་འདིའི་འགྲེམས་སྟོན་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་པ་བཅས།།

Original Article