ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ དང་འབྲེལ་བའི་ལྡོག་གཏུག་ངོས་བཞེས་མ་གནང་བའི་ཐག་གཅོད་གནང་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་མཆོད་འབྱོར་ཁུལ་གྱི་འོས་བསྡུའི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གྱོད་གཞི་ (ཁ་མཆུ་ཨང་ ༢༢ པ་) དང་འབྲེལ་བའི་ལྡོག་གཏུག་གི་ཐོག་མའི་ཉན་ཞིབ་བསྐྱངས་ཡོད་ཅིང་། ཉན་ཞིབ་དེའི་ཐོག་ནས། ལྡོག་གཏུག་དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་བཞེས་གནང་མི་དགོས་པའི་ཐག་གཅོད་གནང་སོང་།
རྩ་བའི་ཁ་མཆུ་ཨང་ ༢༢ པའི་ཞུ་ལན་པ་དབུས་འོས་བསྡུའི་ལས་ཁང་ནས་ཕུལ་བའི་ལྡོག་གཏུག་དེ་ངོས་བཞེས་མ་གནང་བའི་རྒྱུ་མཚན་ནི། ལྡོག་གཏུག་གི་ནང་དོན་ཚན་དྲུག་ཡོད་པ་ལས། དོན་ཚན་དང་པོ་དང་གཉིས་པ་གཉིས་ཁ་མཆུ་ཨང་ ༢༢ པ་དང་འབྲེལ་བ་མེད་པར་ངོས་འཛིན་གནང་བ་དང་། དོན་ཚན་ལྔ་པ་དང་དྲུག་པ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་གི་ཁྱབ་ཁོངས་སུ་མེད་པ། བྱེ་བྲག་ཏུ་ལྡོག་གཏུག་གི་དོན་ཚན་ལྔ་པའི་ནང་མི་སྒེར་ལ་ནག་ཉེས་བཙུགས་པ་དེ་དང་འབྲེལ་ནས། ཞུ་ལན་པ་དབུས་འོས་བསྡུའི་ལས་ཁང་ལ་ཁྲིམས་མཐུན་གྱི་ཆ་རྐྱེན་ཁག་ཅིག་བསྐྲུན་ཡོད་པ་དེ་དག་ལ། ཞུ་ལན་པའི་ངོས་ནས་དང་ལེན་བྱུང་ན། རྒྱ་གར་གྱི་ཁྲིམས་ཁང་དུ་འགྲོ་མི་དགོས་པ་དང་། དེ་ལྟར་མ་བྱུང་ན་ལྡོག་གཏུག་དེ་དང་འབྲེལ་ནས་རྒྱ་གར་ཁྲིམས་ཁང་དུ་འགྲོ་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། །





