༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༩ ཉིན་བཀའ་དྲུང་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་བཀའ་དྲུང་གསར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བཀའ་དྲུང་ཡིག་ཚང་དུ་སྤྲོད་དཔང་བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་དང་། བཀའ་དྲུང་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། བཀའ་དྲུང་གསར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་བཀའ་དྲུང་གསར་རྙིང་གཉིས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་དང་མཇལ་དར་ཕྲུལ་གྲུབ་མཚམས་བཀའ་དྲུང་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་བཀའ་དྲུང་གསར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ལ་ཞབས་སྟེགས་རྩིས་སྤྲོད་ཀྱིས་མཇལ་དར་ཕུལ། དེ་རྗེས་སྤྲོད་དཔང་དབུ་བཞུགས་ཐོག བཀའ་དྲུང་གསར་རྙིང་དང་། ཁྱབ་ཁོངས་དང་བཅས་པའི་ལས་བྱེད་ཚང་འཛོམས་ཀྱིས་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས་བཀའ་དྲུང་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ནས་བཀའ་དྲུང་གསར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ལ་ལས་ཐམ་དང་། ཡིག་དངོས་རྩ་ཆེ་ཁག་གཅིག་རྩིས་སྤྲོད་དང་། སྤྲོད་དཔང་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་རྟེན་འབྲེལ་མཚོན་བྱེད་མཇལ་དར་ཕུལ་རྗེས་བཀའ་ཡིག་ཁྱབ་ཁོངས་དང་བཅས་པའི་ལས་བྱེད་ཡོངས་ནས་རྟེན་འབྲེལ་གྱི་མཇལ་དར་ཕུལ། དེ་ནས་སྤྲོད་དཔང་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་དང་། བཀའ་དྲུང་ཟུར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། བཀའ་དྲུང་གསར་པ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ནས་རིམ་པས་གསུང་བཤད་གནང་སྟེ་བཀའ་དྲུང་གསར་པའི་རྟེན་འབྲེལ་མཛད་སྒོ་བདེ་ལེགས་ངང་གྲོལ། དེ་ཡང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༩༣ ཟླ་བ་ ༤ ཚེས་ ༩ ཉིན་དྲུང་གཞོན་གནས་རིམ་དུ་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་བོད་གནས་ཉམས་ཞིབ་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༤ ཟླ་བ་ ༤ ཚེས་ ༢༦ ཉིན་ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༩ ཟླ་བ་ ༢ ཚེས་ ༡༠ ཉིན་ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་བ་ ༤ ཚེས་ ༣༠ ནས་ཟླ་གྲངས་བརྒྱད་རིང་གཞུང་འབྲེལ་སློབ་བསྐྱོད། ཕྱི་ལོ་ ༢༠༠༢ ཟླ་བ་ ༡ ཚེས་ ༢ ནས་ཉིན་གྲངས་ ༦༢ རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༢ ཟླ་བ་ ༧ ཚེས་ ༢༢ ནས་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༢ ཚེས་ ༡༢ ནས་ཕྱི་དྲིལ་ཁྱབ་ཁོངས་རྒྱ་ནག་གི་བཙན་གནོན་འོག་བོད་མི་འབུམ་བཅུ་གཉིས་འདས་གྲོངས་སུ་ཕྱིན་པའི་ཞིབ་འཇུག་ལས་གཞིར་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་བ་ ༦ ཚེས་ ༡༡ ནས་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ཟླ་བ་ ༩ ཚེས་ ༡ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་སྡེ་ཚན་དུ་གནས་སྤོས་གནང་། ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༡ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༢ ཚེས་ ༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ཁྲིམས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༧ ཚེས་ ༡ ཉིན་ནས་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༦ ནས་བཀའ་དྲུང་ཡིག་ཚང་གི་བཀའ་དྲུང་དང་ཆབ་སྲིད་དྲུང་ཆེ་གཅིག་ལྕོགས་སུ་བསྐོ་གཞག་གནང་ཡོད་པ་བཅས། །





