ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

2 hours ago

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཀྱི་ལས་དབང་སྐྱ་མོ་ལ་གས་ཁ་ཤོར་བའི་ལོ་ནག་དེ་ནས་བཟུང་། ང་ཚོ་མི་ཡུལ་ས་མཐའ་ལ་གྱར་དགོས་བྱུང་། དེ་དུས་ང་ཚོར་ངོ་ཤེས་པ་ས་དང་གནམ་ལས་མེད་ལ། སྨྲ་ལྕེའི་རྩེ་ན་བོད་སྐད་ལས་མེད་མོད།   ང་ཚོར་མངར་སྐྱུར་གྱི་སྒྲུང་མང་པོ་བཤད་རྒྱུ་ཡོད། སྒྲུང་དེ་དག་ནི་འཛམ་གླིང་ཡང་རྩེར་དར་བའི་དཔལ་ཡོན་ཞིག་གི་སྒྲུང་རེད་ལ། སྒང་བ་བོད་པ་ཞེས་པའི་མི་རིགས་ཤིག་གི་ཆག་འཇིག་གི་སྒྲུང་ཡང་རེད། ད་ལྟ་ཕྱིར་མིག་ཅིག་འཕངས་ན། ང་ཚོའི་སྒྲུང་ཤོད་མགོ་འཛུགས་མཁན་ནི་༧རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་རེད། ཕྱི་ལོ་ ༡༩༦༢ ནང་ཁོང་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང ་མི་ཡུལ་དུ་སླེབས་པ་དང་། ང་ཚོའི་བདེ་སྡུག་གི་སྒྲུང་དེ་འཛམ་གླིང་ཡོངས་ལ་ཁྱབ་ཡོད། ཕྱི་མི་ཀློག་པ་པོ་ཁག་གཅིག་གིས་དཔེ་དེབ་འདི་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་གནས་བབ་ལ་ལྟ་བའི་སྒེའུ་ཁུང་ཞིག་རེད་ཅེས་གདེང་འཇོག་བྱས་འདུག

ང་ཚོའི་སྒྲུང་དེ་རྣམ་པ་གཞན་ཞིག་ནས་ཤོད་མཁན་ནི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་རེད། ཕྱི་ལོ་ ༡༩༦༧ ནང་ཁོང་གི་བརྩམས་ཆོས་བོད་ཀྱི་སྲིད་དོན་རྒྱལ་རབས་ཞེས་པ་མི་ཡུལ་དུ་སླེབས་པ་དང་། བོད་ཀྱི་ལོ་རྒྱུས་བཤད་པར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད། སྒྲུང་འདིའི་མཇུག་སྐྱོང་མཁན་ནི་གངས་ཁྲོད་ཀྱི་གཡུ་འབྲུག ་ཅེས་པའི་དེབ་རྒན་དེའི་རྩོམ་པ་པོ་ཚེ་རིང་ཤཀྱ་རེད། འདི་ནི་བོད་པས་བོད་སྒྲུང་བཤད་པའི་དཔེ་མཚོན་ཙམ་རེད། ད་དུང་ཆབ་སྲིད་བཙོན་ཟུར་དགེ་བཤེས་དཔལ་ལྡན་རྒྱ་མཚོ་དང་། ཨ་མ་ཨ་བདེ་སོགས་ཀྱིས་དཀའ་སྡུག་གི་རི་མོ་ཡི་གེར་ཕབ་ནས་ཀློག་པ་པོ་གྲངས་མེད་ཀྱི་སེམས་ལ་བོད་སྒྲུང་རྣལ་མ་ཞིག་གི་བག་ཆགས་བཞག་ཡོད།

བརྙན་ལམ་ནས་བོད་སྒྲུང་ཤོད་མཁན་གཤའ་མ་གཉིས་ནི། ཕྱི་ལོ་ ༡༩༩༧ ཕབ་བསྐྲུན་བྱས་པའི་བོད་ནང་ལོ་བདུན ་གྱི་འཁྲབ་ཁྲིད་པ་ཇེན་ ཇེཀ་ཨན་ནོ་དང་།  སྐུ་མདུན ་ཞེས་པའི་གློག་བརྙན་འཁྲབ་ཁྲིད་པ་མར་ཊིན་ སི་ཀོར་སེ་གཉིས་རེད། ཁོང་གཉིས་ནི་ཕྱི་མི་བོད་སྒྲུང་ཤོད་མཁན་དག་ལས་ཚབ་མཚོན་མི་སྣར་བརྩི་ཆོག་པ་ཞིག་རེད། བརྩམས་ཆོས་འདི་གཉིས་ཀྱིས་ལྟད་མོ་བ་ཁྲི་སྟོང་མང་པོའི་བློ་ངོར་བོད་ཀྱི་སྣང་བརྙན་ཞིག་བཞེངས་ཡོད་ལ། བོད་དོན་ཁྱབ་བསྒྲགས་ཀྱི་ལམ་ཁ་ཇེ་ཡངས་སུ་བཏང་ཡོད།

འདས་པའི་བགྲང་བྱ་དྲུག་ལྷག་གི་རིང་ལ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་སྨྲ་ལྕེ་ལ་གཤོག་པ་ཐོགས་ཡོད། སྨྲ་ལྕེའི་གཤོག་ཟུང་བརྐྱངས་བའི་བོད་མི་ཚོའི་ཁྲོད་ན་བོད་སྒྲུང་ཤོད་མཁན་ཇེ་མང་རེད་ལ། དེ་ཡང་གཞན་གྱི་སྨྲ་ལྕེ་གཡར་མི་དགོས་པར་ཤོད་ཐུབ་མཁན་ཇེ་མང་རེད། ལོ་ཤས་གོང་ང་ཚོའི་ལུས་ཀྱིས་སའི་གོ་ལའི་རྒྱ་ཁྱོན་འཇལ་ ཞེས་པའི་རྟོག་སྒྲུང་ཞིག་གིས་བོད་ཀྱི་མི་རབས་གསར་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྡོ་རིང་ཞིག་བསླངས་སོང་ལ། ས་མཐའི་ལས་དབང ་ཞེས་པའི་གློག་བརྙན་ཞིག་གིས་ལྟད་མོ་བའི་ཡིད་སེམས་ཅིག་ཅར་དུ་འཕྲོག་ཡོད། ད་ལོ་ཆུ་བཞི་སྒང་དྲུག ་ཅེས་པའི་གློག་བརྙན་ཞིག་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྱིན་འདུག དེ་ནི་བོད་མི་ཞིག་གིས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཞིག་རྒྱ་གར་གྱི་གློག་བརྙན་ཁྲོམ་རར་སླེབས་པ་ཐེངས་དང་པོ་རེད། ད་དུང་བོད་ཀྱི་མི་རབས་གསར་པ་ཚོའི་རྣམ་དཔྱོད་ལས་སྐྱེས་པའི་བརྩམས་ཆོས་འདྲ་མིན་སྣ་ཚོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་ཡོང་གི་འདུག་པ་ནི་དགའ་འོས་པའི་དོན་བཟང་ཞིག་མ་རེད་དམ། ངའི་བརྒྱ་བཤད་ཚིག་གི་རྩ་བ་ཅི་ཡིན་ཞེ་ན། ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག་ཅེས་སྐད་གསེང་མཐོན་པོའི་སྒོ་ནས་བཤད་འདོད་པ་དེའོ།།

The post ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.

Original Article