༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

1 month ago

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཤི་ཝ་ཀུ་མཱར་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་མཛད་འདུག

ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱར་ (D. K. Shivakumar) མཆོག་ནས་ལས་འཁུར་དམ་འབུལ་ཞུས་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ནས། མ་འོངས་པར་ཁོང་གི་ལས་དོན་ལམ་ལྷོང་དང་། མི་མང་གི་རེ་བ་དང་མངོན་འདོད་བཞིན་ལས་དོན་གཉེར་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ཀ་ན་ཊ་ཀ་མངའ་སྡེ་ནི་བོད་མི་གསུམ་ཁྲི་ལྷག་གི་གཞིས་ཁྱིམ་དུ་གྱུར་ཡོད་ཅིང་། རྒྱ་གར་ནང་གི་བོད་མི་འདུ་སྡོད་ཀྱི་ས་གནས་ཆེ་ཤོས་ཤིག་ཡིན་པས། བོད་མི་རྣམས་ལ་མངའ་སྡེའི་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་དང་འཛད་མཐའ་མེད་པའི་མཛའ་འབྲེལ་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩར་གྱུར་བའི་ནཱ་ལེནྡྲའི་སྲོལ་རྒྱུན་ལ་གཞི་བཅོལ་ཡོད་ལ།  དེ་དག་ཀ་ན་ཊ་ཀའི་ནང་དུ་གཞིས་ཆགས་པ་ནི་ང་ཚོར་སྤོབས་པ་སྐྱེས་འོས་པ་ཞིག་རེད། ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་ཀྱི་གསུང་འཕྲིན་དུ། ངོས་རང་གིས་གོ་སྐབས་འདི་བརྒྱུད་ནས།  མངའ་སྡེའི་གཞུང་དམངས་གཉིས་ཀྱིས་བོད་མི་རྣམས་ལ་དྲོད་ཁོལ་ལྡན་པའི་གནས་མལ་མཁོ་སྤྲོད་དང་སྣེ་ལེན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངོས་རང་གིས་སྐུ་ཉིད་ལ་མ་འོངས་པར་འཕྲད་སྲིད་པའི་དཀའ་ངལ་ལས་རྒྱལ་ཁ་ཐོབ་པ་དང་། ལྷག་པར་དུ་ཀ་ན་ཊ་ཀའི་མི་མང་གི་རེ་བ་དང་འདུན་པ་སྐོང་ཐུབ་པ། ལྷག་པར་དུ་ཉམ་ཐག་ཚོའི་མི་ཚེར་ཕན་ཐོགས་ངོ་མ་ཞིག་བྱ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

སྐུ་ཞབས་ཌོ་ཌ་ལ་ཧ་ལི་ཀེམ་པེ་གྷོ་ཌ་ཤི་བ་ཀུ་མར་ (Doddalahalli Kempegowda Shivakumar) མཆོག་ནི་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཀེམ་པེ་གྷོ་ཌ་ (Kempegowda) རུ་སྐྱེས་ཤིང་། ཁོང་ནི་རྒྱ་གར་ནང་གི་ཆབ་སྲིད་པ་ཕྱུག་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ཚོང་པ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱ་གར་རྒྱལ་ཡོངས་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༢༠ ནས་བཟུང་ཀར་ན་ཊ་ཀ་མངའ་སྡེའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་གནས་འཁུར་མུས་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ཀར་ན་ཊ་ཀའི་དམངས་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོའི་ལས་ཚབ་ཀྱི་ལས་དོན་གཉེར་ཡོད་ལ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་ཀར་ན་ཊ་ཀ་མངའ་གཞུང་གི་བཀའ་བློན་གྱི་ཕྱག་ལས་གནང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

The post ༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།  appeared first on བོད་ཀྱི་དུས་བབ།.

Original Article