བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ Dalai Lama Fellows འམ་༸གོང་ས་མཆོག་གི་དགོངས་བཞེད་ལག་བསྟར་གནང་མཁན་གྱི་རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཚོར་མཇལ་ཁ་སྩལ་བ་དང་འབྲེལ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་གཙོས་པའི་འཛམ་གླིང་ཞི་བདེ་བརྩེ་བ་ལ་ཐུག་ཡོད་པ་དང་། ད་ལྟའི་རྒྱ་ནག་ནང་དུ་ཆོས་དད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་༸གང་ཉིད་མཆོག་ནས་ཁུལ་དེར་བྱམས་བརྩེ་སྤེལ་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག དེ་ཡང་འདི་ལོའི་ Global Dalai Lama Fellows Assembly ཞེས་༸གོང་ས་མཆོག་གི་དགོངས་བཞེད་ལག་བསྟར་ཐད་རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཀྱི་ལྷན་འཛོམས་དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་འཚོགས་གཏན་འཁེལ་ཡོད་པ་དང་། ལྷན་འཛོམས་ཐོག་ཕེབས་པའི་རྒྱལ་ཁབ་ ༢༤ ཡི་གཞོན་སྐྱེས་འགོ་ཁྲིད་ ༥༡ ཚུད་པའི་ལས་བྱེད་སྦྱིན་བདག་བཅས་ཁྱོན་ཚོགས་བཅར་བ་ ༧༡ ཙམ་ནས་ཁ་སང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་པ་ཡོད་པ་རེད། སྐབས་དེར་༸མགོན་པོ་མཆོག་གིས་ཚོགས་བཅར་བ་ལྷན་དུ་སྐུ་པར་བསྐྱོན་པ་དང་འབྲེལ། བརྩེ་བ་ཞེས་པ་དེ་སྤྱིར་བཏང་འདོད་ཆགས་དང་སྦྲེལ་ཡོད་ནའང་མངལ་སྐྱེས་གཅིག་ཡིན་ཕྱིན་ཆད་ལ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། ནང་པ་སངས་རྒྱས་པའི་ལུགས་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བརྩེ་བ་དེ་ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོིགས་པའི་ཤེས་རབ་དེ་བཞིན་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་བསམ་བློ་བཏང་སྟེ་གོང་དུ་འཕེལ་བའི་བརྒྱུད་མཐར་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ཡང་དེ་ལས་སྒྲུབ་ཀྱི་ཡོད་པ་བཀའ་སྩལ་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས། རྒྱ་གར་དང་བོད་རྒྱ་ནག་བཅས་སུ་བརྩེ་བ་ལ་དང་དོད་ཡོད་པ་དེ་མུ་མཐུད་རྒྱལ་སྤྱིའི་ཁྲོད་སྤེལ་ཐུབ་པར་བསམ་བློ་གཏང་དགོས་གལ་ཡིན་པ་མ་ཟད། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་གཙོས་པའི་འཛམ་གླིང་ཞི་བདེ་བརྩེ་བ་ལ་ཐུག་ཡོད་པ་དང་། ད་ལྟའི་རྒྱ་ནག་ནང་ཆོས་དད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་ནས་ཁུལ་དེར་བྱམས་བརྩེ་སྤེལ་ཐུབ་ན་བསམ་པའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག རྒྱལ་སྤྱིའི་གཞོན་སྐྱེས་འགོ་ཁྲིད་ཀྱི་ལྷན་འཛོམས་ལས་གཞི་དེ་ཉིད་ཐོག་མ་གསར་འཛུགས་སྐབས་ནས་དེའི་ལས་བྱེད་ཁོངས་སུ་ཡིན་པ་༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསར་འགོད་པའི་དྲི་བ་ལན་འདེབས་ཁྲོད། Dalai Lama Fellows ཞེས་རྒྱལ་སྤྱིའི་ཁྲོད་གཞོན་སྐྱེས་སེམས་ཤུགས་ཅན་དང་འཇོན་ཐང་ཡོད་མཁན་རྣམས་ནས་སྙིང་རྗེའི་ཀུན་སློང་རྩ་བ་དུ་བཞག་སྟེ་སོ་སོའི་ཕྱག་ལས་གནང་སའི་སྡེ་ཚན་ནང་སྐུ་མདུན་གྱི་དགོངས་བཞེས་དང་མཐུན་པའི་གཞན་ཕན་གྱི་ཕྱག་ལས་གནང་གི་ཡོད་པ་ལྟར། མ་འོངས་པར་ནུབ་ཕྱོགས་ཨ་རི་སོགས་ཀྱི་ནང་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་ནས་ལས་གཞི་འདི་རིགས་ལ་དོ་སྣང་གིས་གོ་སྐབས་དམ་འཛིན་གནང་དགོས་གལ་ཡིན་པ་གསུངས་འདུག རྩ་བའི་ Dalai Lama Fellows (DLF) ཞེས་པའི་ལས་གཞི་དེ་བཞིན་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༡ ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། གཞོན་སྐྱེས་འགོ་ཁྲིད་སྐྱེད་སྲིང་གི་ལས་གཞི་དེས་ལོ་ལྟར་དུས་ཡུན་ལོ་གཅིག་རིང་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་གཞོན་སྐྱེས་འདེམས་ཐོན་བྱུང་བ་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་སོགས་ལྗགས་ཀློག་བརྒྱུད་སྙིང་རྗེའི་བློ་སྦྱོང་བརྡར་གྱིས་ཟབ་སྦྱོང་སྤྲད་དེ་མཐར་གཞོན་སྐྱེས་ཚོས་སོ་སོའི་ཕྱག་ལས་གནང་སའི་སྡེ་ཚན་ནང་གཞན་ཕན་སྒྲུབ་ཐབས་གནང་གི་ཡོད་པ། ལྷག་པར་དུ་ལས་གཞི་དེས་ད་བར་ལྷོ་བྱང་ཨ་རི་དང་། ཡུ་རོབ། ཨ་ཕི་རི་ཀ། ཨོ་གླིང་དང་ཨེ་ཤི་ཡ་བཅས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་གཞོན་སྐྱེས་ ༢༦༦ ལ་ཟབ་སྦྱོང་ཕུལ་ཡོད་པ་རེད་འདུག ཁ་སང་༸གོང་ས་མཆོག་གི་མཇལ་བཅར་ཞུས་མཁན་དད་ལྡན་ ༣༨༠ […]
The post ༸གོང་ས་མཆོག་གིས་རྒྱ་ནག་ནང་དུ་བྱམས་བརྩེ་སྤེལ་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག appeared first on vot.





