གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

11 hours ago

རྒྱ་ནག་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ཀྱི་སྡོད་ཁང་དངོས་སུ་གཏོར་བཤིག་གཏོང་མགོ་བཙུགས་པ་མ་ཟད་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་སྡོད་ཁང་མང་དྲགས་པའི་བདེ་འཇགས་མེད་ལུགས་དང་གྲྭ་བཙུན་མང་ལུགས་སོགས་བཤད་ནས། གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལན་ཆོས་སྡེ་ཆེན་མོ་བླ་རུང་སྒར་གྱི་གྲྭ་ཤག་ ༡༠༦༠ གཏོར་བཤིག་གཏང་འཆར་ཡོད་པའི་མུར། ཁུལ་དེའི་ཡུལ་མི་གཙོས་ཡུལ་སྐོར་བ་རྣམས་ལའང་དམ་དྲག་ཆེན་པོ་བྱེད་མུས་ཡིན་སྟབས། སྡོད་ཁང་བཤིག་ཟིན་པའི་གྲྭ་བཙུན་རྣམས་ཀྱི་གནས་སྟངས་ཐད་གསལ་ཁ་གང་ཡང་མི་འདུག

འབྲེལ་ཡོད་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་གྲྭ་ཤག་མང་སོང་ནས་བདེ་འཇགས་མེད་ལུགས་ལ་ཁ་གཡར་ནས། གྲྭ་ཤག་བཤིག་མགོ་བཙུགས་པ་རེད་ལ། དེ་རིང་ཕྱི་ཚེས་ ༢༡ ཉིན་ལའང་གྲྭ་ཤག་གཏོང་བཤིག་བཏང་དང་གཏོང་མུས་རེད། གྲྭ་བཙུན་རྣམས་འདོད་མུས་ཡོད་མེད་ལ་མ་བལྟོས་པར། དེ་སྔ་གཞུང་གིས་ཐིག་རྒྱག་ཚར་བའི་གྲྭ་ཤག་ཁྲོད་ཚུད་ཡོད་ན་ཐད་ཀར་བཤིག་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟ་སེར་མོ་དང་ཇོ་མོའི་གྲྭ་ཤག་བཤིག་མུས་ཡིན་ཡང་། གྲངས་ག་ཚོད་ཙམ་ཞིག་བཤིག་ཚར་ཡོད་མེད་ཐད་གསལ་ཁ་མེད། གྲྭ་ཤག་དེ་དག་ལ་ར་སྐོར་ཞིག་བཟོས་ནས་བཤིག་གི་ཡོད་ཅིང་། ཉིན་མོ་ཐལ་རྡུལ་སོགས་མི་ལངས་ཆེད་ཆུ་གཏོར་གྱིན་འདུག དེ་བཞིན་གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སོགས་ལ་ལྟ་ཞིབ་དང་ཚོད་འཛིན་ནན་མོ་བྱེད་མུས་ཡིན། རྒྱ་ནག་གཞུང་གིས་ཁུལ་དེའི་གྲྭ་བཙུན་རྣམས་ལ་གྲྭ་ཤག་གཏོར་བཤིག་དང་འབྲེལ་བའི་པར་བརྙན་སོགས་ཡར་མར་བསྐུར་མི་ཆོག་པའི་བཀའ་ཁྱབ་ཀྱང་བསྒྲགས་སོང་། ཞེས་བརྗོད་བྱུང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཟླ་འདིའི་ཚེས་ ༡༥ བར་སྡོད་ཁང་དྲུག་གཏོར་བཤིག་བཏང་ཟིན་ཡོད་པའི་གནས་ཚུལ་སྤེལ་འདུག

ཡང་འབྲེལ་ཡོད་ཅིག་གིས། སྤྱིར་ན་ད་ལན་གློ་བུར་དུ་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་ཤག་བཤིག་པ་ཞིག་མིན་པར། མི་ལོ་རེ་འགའི་གོང་ནས་གསལ་བསྒྲགས་བྱས་ཏེ་ཉེ་ལམ་དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། ད་ལྟའང་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ཐད་གསལ་ཁ་གང་ཡང་མི་འདུག ཅེས་དང་། ས་གནས་གཞན་དང་གཞན་གྱི་ཆོས་མཇལ་བ་རྣམས་ཤར་གཏོང་མི་བྱས་པར། དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་སྐོར་སོགས་ཀྱང་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ དང་། ༢༠༡༦།  ༢༠༡༩ བཅས་སུ་བླ་རུང་སྒར་གྱི་གྲྭ་ཤག་མང་དྲགས་ཡོད་ལུགས་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་ལུགས་སོགས་ལ་ཁ་གཡར་ནས་གྲྭ་བཙུན་གྱི་སྡོད་ཁག་མང་པོ་གཏོར་བཤིག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་སྔ་གཞུག་མང་པོར་གྲྭ་བཙུན་གྱི་གྲངས་འབོར་ཚོད་འཛིན་དང་། ས་གནས་གཞན་དང་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་ཆེད་དུ་རང་ཡུལ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པའི་མུར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་སྐབས། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་མཐུན་མིན་པའི་གཉའ་གནོན་འོག་རང་དབང་མེད་པའི་སྐོར་སོགས་ཀྱི་ཁ་ཆེམས་བཞག་ནས་རང་ཤི་རྒྱག་པའི་གནས་ཚུལ་ཐོན།

གསར་འགོད་པ། དཔལ་ལྡན།

The post གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.

Original Article