གནས་རི་གཉན་པོ་གཡུ་རྩེ་རུ་ཚོགས་སྒེར་འགྲོ་མི་ཆོག་པའི་དམ་བསྒྲགས།

1 month ago

མགོ་ལོག་ཁུལ་གྱི་རང་བྱུང་ཁོར་ཡུག་དོ་དམ་ལས་ཁུངས་ཀྱིས་ཕྱི་ཟླ་ ༥ ཚེས་ ༩ ཉིན་དོན་ཚན་དྲུག་ཅན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ནས་ས་གནས་རྒྱ་གཞུང་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གནས་རི་གཉན་པོ་གཡུ་རྩེར་སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་རིགས་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད།  ཆོག་མཆན་མེད་པའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་ལུགས་བཤད་འདུག འདི་ག་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོ་བོད་རབ་གནས་རྟ་ལོར་བོད་པ་ཚོ་གནས་ཆེན་ཁག་ཏུ་སྐོར་བ་དང་མཆོད་མཇལ་དུ་ཕེབས་བཞིན་པ། དེ་བཞིན་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་ཧ་ཅང་གལ་ཆེན་བའི་དུས་ཚིགས་སྲུང་བརྩི་ཞུ་བཞིན་ཡོད་པ་མ་ཟད། ས་གནས་མི་མང་ནས་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་བསམ་བཞིན་དུ་ས་གནས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་རྒྱུར་དམ་བསྒྲགས་བྱེད་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་གནང་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་། གནས་རི་གཉན་པོ་གཡུ་རྩེ་དེ་ནི་བོད་མི་ཚོར་མཚོན་ན་གནས་རྩ་ཆེན་ཞིག་དང་། ལྷག་པར་ས་ཚིགས་དེར་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༧ པའི་ཚེས ༡༧ ཉིན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་དབུ་བཞུགས་ཐོག་ཡུལ་དེའི་ཤོག་ཁག་ཆེ་ཤོས་གཉིས་ཏེ། ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཕན་ཚུན་འཁོན་འཛིང་མཚམས་འཇོག་སླད་དམག་འཁྲུག་མཚམས་འཇོག་གི་གྲོས་ཆོད་བཞག་རྗེས་མཐུན་སྒྲིལ་ལབ་རྩེ་བཙུགས་ཡོད་ཅིང་།  དུས་དེ་ནས་བཟུང་ཤོག་ཁག་གཉིས་ཀས་གཉན་པོ་གཡུ་རྩེ་རུ་བོད་ཟླ་དྲུག་པའི་ནང་དར་ལྕོག་བཙུགས་པ་དང་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་གཉེར་གྱི་ཡོད་པ་དང་། ཁུལ་དེར་གནས་སྡོད་གནང་མཁན་ཚོས་གནས་རི་དེ་ཉིད་མགོ་ལོག་གི་མེས་པོའི་ཁྱིམ་ཡུལ་དུ་ངོས་འཛིན་གྱིས་རི་བོ་དེ་དང་འབྲེལ་བ་དམ་ཟབ་ཡོད་སྟབས། གནས་ཆེན་གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བརྡ་ཁྱབ་འདིས་ས་གནས་བོད་མི་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་འདུག ད་དུང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། གནས་རི་དེའི་མཐའ་སྐོར་དུ་ཆུ་ཚན་དང་སྨན་ཆུ་སྣ་ཚོགས་དང་། མཚོ་དང་རྫིང་བུ་ཁྱོན་ ༣༦༠ ཙམ་ཡོད་པ་མ་ཟད། གཉན་པོ་གཡུ་རྩེའི་རྩེ་མོར་ལོ་ངོ་མང་པོའི་འཁྱགས་རོམ་ཆགས་ཡོད་སྟབས། རྒྱ་གཞུང་གིས་ས་ཁུལ་འདི་ཆུའི་འབྱུང་ཁུངས་གལ་ཆེན་ཞིག་ལ་ངོས་འཛིན་གྱིས། ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་མ་འོངས་པར་བོད་ཀྱི་གངས་རི་དང་མཚོ་ཁ་ནས་རྒྱ་ནག་ནང་གི་ཆུའི་དཀའ་ངལ་སེལ་ཐབས་ཀྱི་ངན་བྱུས་གཤོམ་གྱི་ཡོད་པ་གསལ་བཏོན་དང་འབྲེལ། ལྷག་པར་འདི་ལྟ་བུའི་བརྡ་ཁྱབ་བཏང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ལ་དམིགས་པ་ཡིན་པ་འགྲེལ་བརྗོད་གནང་སོང་། ཕྱི་ལོ་ ༢༠༡༨ ལོར་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས་གཉན་པོ་གཡུ་རྩེ་སྒོ་བརྒྱབ་རྗེས་གནས་མཇལ་བ་དང་ཡུལ་སྐོར་བ་སོགས་ཡོང་མཚམས་ཆད་ཡོད་པ་དང་། ས་གནས་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་ལ་ཡང་དཀའ་ངལ་འཕྲད་ཡོད་པ་མ་ཟད་། བོད་ཟླ་དྲུག་པའི་ནང་གཡུ་རྩེ་རུ་བསང་གསོལ་བཏང་མ་ཆོག་པར་ལོ་མང་སོང་སྟབས་ས་གནས་བོད་མི་ཚོའི་སེམས་ཁམས་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད་འདུག

The post གནས་རི་གཉན་པོ་གཡུ་རྩེ་རུ་ཚོགས་སྒེར་འགྲོ་མི་ཆོག་པའི་དམ་བསྒྲགས། appeared first on vot.

Original Article